འདམ་གཞུང་དུ་རང་ལུས་མེར་བསྲེག་ངོ་རྒོལ།

ཟླ་འདིའི་ཚེས་༧ ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་གཏོགས་འདམ་ཆུ་ཁ་གྲོང་བརྡལ་མཆོད་རྟེན་ཁུགས་ནས་ཡིན་པའི་ན་གཞོན་རང་ལོ་༢༢ཡིན་པ་ཚེ་དབང་རྡོ་རྗེ་ཞེས་པ་ཞིག་གིས་རྫོང་ཐོག་ཏུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་འདུག

ངོ་རྒོལ་བྱས་ནས་ཅུང་ཙམ་སོང་རྗེས། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ལུས་པོའི་མེ་བསད་ནས་རྫོང་སྨན་ཁང་དུ་ཁྲིད་ཡོད་པ་དང་ དེ་ནས་མི་སུ་ཞིག་དང་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ཐ་ན་གནས་ཚུལ་དེའི་སྐོར་སུ་ཞིག་གིས་ཀྱང་ཕྱི་ལ་ཤོད་མི་ཆོག་པའི་བཙན་བཀའ་བཏང་འདུག ད་ལྟའི་ཆར་འདམ་གཞུང་རྫོང་དུ་ཧ་ཅང་གི་དམ་དྲག་འོག་གནས་ཡོད་འདུག་ལ། ཁ་པར་ཚང་མ་བཀག་ནས་ ཕྱི་ཕྱོགས་ནས་འབྲེལ་བ་བྱེད་ཐབས་མེད་པ་མ་ཟད། ཐ་ན་ལྷ་ས་གྲོང་ཁྱེར་སོགས་བོད་ནང་ཁུལ་གྱི་ས་ཆ་ནས་འདམ་གཞུང་རྫོང་ཐོག་ཏུ་ཁ་པར་འབྲེལ་བ་བྱེད་ཐབས་མེད་པ་གནས་འདུག ད་ལྟའི་ཆར་ཁོང་གང་དུ་ཡོད་མིན་དང་འཆི་གསོན་གྱི་གནས་ཚུལ་སོགས་གང་ཡང་ཤེས་ཐབས་མེད་པ་ཆགས་ཡོད་པའི་གནས་ཚུལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྤེལ་འདུག རླུང་འཕྲིན་ཁང་དེས་འདམ་གཞུང་རྫོང་ཉེན་རྟོག་ལས་ཁུངས་སུ་ཁ་པར་བཏང་སྟེ། གནས་གནས་འདྲི་བྱས་པར། གནས་ཚུལ་དེ་འདྲ་ལྷག་མེད་སྐོར་བརྗོད་འདུག །