གདོང་ཐོག་བསྟན་པའི་རྒྱལ་མཚན་གྱི་བསམ་འཆར།
ས་ཆའི་མིང་ཀ་ལོན་སྦུག་སོགས་བྲིས་པ་མ་དག རྦས་ཡུལ་འབྲས་མོའི་ལྗོངས་ཀྱི་གནས་ཀྱི་ཡན་ལག་ཀ་པ་ལི་སྤུངས་པའི་རི་འདྲ་བ་ཞེས་པའི་དོན་ཡིན་པས་ཀ་ལི་སྤུངས་དང་། བསྡུས་མིང་ཀ་སྤུངས་ཞེས་པ་ཡིན་ཞེས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཞལ་ནས་ཐོས།
དབྱིན་ཇི་རྒྱ་གར་ལ་སླེབས་རྗེས་བོད་མིང་ཟུར་ཆགས་མང་པོ་ཡི་གེར་བྲིས་པ། དཔེར་ན། Darjeeling དྷར་ཇི་གླིང། Kalimpong ཀ་ལིམ་པོང་སོགས་བརྗོད་སྲོལ་དར། གཏེར་སྟོན་རྡོ་རྗེ་གླིང་པ་བཞུགས་མྱོང་བས་རྡོ་རྗེ་གླིང་དང་། ཀ་ལི་སྤུངས། བཀྲ་ཤིས་བྲག་ཅེས་བོད་མིང་དག་མ་ཡོད་པ་ཁུལ་འདི་རྣམས་སྔོན་ཆད་བོད་ཀྱི་ས་ཆ་ཡིན་ངེས། དེབ་སྤར་རྒྱབ་པ་སོགས་ལ་པར་དང་དཔར་ཞེས་འབྲི་ཡང་སྤར་ཞེས་པ་འཐད་སྙམ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྤར་བྱང་བརྩམས་མཛད་པ་དག་ཏུ་སྤར་ཞེས་བྲིས་གནང་འདུག
དེ་ལ་གོ་རྒྱུ་ཡོད་དེ། སྤར་ཤིང་གཅིག་ལས་དཔེ་ཆ་མང་པོ་སྤར་རྒྱག་ཐུབ་པ་དང་། དེང་སང་གི་གློག་བྲིས་སྤར་རྒྱབ་པ་སྤར་ཆས་ཀྱིས་སྤར་རྒྱབ་པ་སོགས་གཅིག་ལས་མང་པོ་སྤར་བའི་དོན་དུ་གོ་རྒྱུ་ཡོད་པས་སོ། ཟླ་བ་དང་པོའི་ཚེས་གཅིག་བོད་ཀྱི་ལོ་གསར་བརྩི་བ་འདི་ཧོར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་དགའ་སྟོན་ཧོར་ཟླ་དང་པོ་བྱེད་པ་ཡིན། དེས་ན་དེང་སང་བོད་ཟླ་དང་པོ་ཞེས་སོགས་བརྗོད་པ་ནི་ནོར།
སྔོན་ལྷ་ས་བོད་གཞུང་སྨན་རྩིས་ཁག་གིས་བཏོན་པའི་ལོ་ཐོར་ཡང་ཧོར་ཟླ་ཞེས་འཁོད་ཡོད། བོད་ཟླ་དང་པོ་ནི་ཧོར་ཟླ་གསུམ་པ་ཡིན་ཏེ། རྒྱུད་རྒྱལ་དུས་འཁོར་བོད་དུ་བྱོན་པའི་དུས་དེ་ཡིན་པའི་ཕྱིར། ཟླ་བ་༡༢ ལ་ནག་ས་ཟླ་བ་སོགས་སྐར་མའི་མིང་ཡང་ཡོད། འདི་ལ་བོད་ཟླ་ཞེས་བརྗོད་ན་མིང་དོན་མཚུངས་སོ། ཕྱི་ལོ་ཞེས་བརྗོད་པ་ལོ་རྗེས་མར་གོ་བས་མི་འཐད་དེ། ལོ་འདི་གནམ་བདག་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་འཁྲུངས་ནས་བརྩིས་པའི་ལོ་ཡིན། འོན་ཀྱང་རིམ་པས་ཆོས་ལུགས་ཡེ་ཤུ་ཡིན་མིན་དང་ཕྱི་པ་ནང་པ་ཁྱད་མེད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཁྱབ་བྱུང་སྟེ་སྤྱི་པའི་ལོ་ལ་ངོས་བཟུང་བས་སྤྱི་ལོ་ཞེས་བརྗོད་ན་འབྲེལ་ཆེ། ཡང་འགའ་རེས་ཡེ་ལོ་ཞེས་བརྗོད་པ་ཡང་འབྲེལ་མེད་རྒྱུ་མཚན་མཚུངས་སོ།
འགོ་ཁྲིད་དང་། འགོ་འཛིན་འབྲི་བ་མི་འཐད། མགོ་ཁྲིད་དང་མགོ་འཛིན་ཞེས་འབྲི་དགོས་ཏེ། དེ་དག་གི་ཞེ་སའི་ཚིག་ལ་དབུ་ཁྲིད་དང་། དབུ་འཛིན་ཞེས་འབྲི་བས་སོ། དེ་མིན་ཞེ་སའི་ཚིག་ཀྱང་གཞན་ཞིག་དགོས། དེས་ན་འགོ་ཞེས་པ་ནད་འགོ་བ་དང་དྲི་མ་འགོ་བ་སོགས་ཀྱི་མིང་དུ་བྱས་ན་འཐད་དོ། མང་གཙོ་ཞེས་པ་མི་འཐད་དེ། དམངས་གཙོ་ཡིན། ཚིག་འདི་རྒྱ་གུང་ཁྲན་བོད་དུ་སླེབས་ནས་བྱུང་བ་སྟེ། མི་མང་ནས་ལྟོ་གོས་སྡོད་གནས་སྐྱོ་པའི་མི་དམངས་དབུལ་པོ་དང་། ས་བདག་གྲལ་རིམ་ཕྱུག་པོ་རྣམས་ལས་མི་དམངས་དབུལ་པོ་གཙོ་བོར་བྱས་ཏེ་བཅོས་བསྒྱུར་གྱིས་འཚོ་བ་འདྲ་མཉམ་བྱེད་པའི་དོན་ལ་དམངས་གཙོ་བཅོས་བསྒྱུར་ཟེར། དེས་ན་དེང་སང་ང་ཚོའི་བོད་གཞུང་གིས་མི་དམངས་འཚོ་བ་ཞན་པ་རྣམས་ལ་དམིགས་བསལ་གཟིགས་སྐྱོང་གནང་དགོས་པ་དེ་ལ་དམངས་གཙོ་ཟེར་དགོས་སོ།།