མིང་མཛོད་ཀྱི་ཐད་ནས་བསམ་འཆར་འགའ།
སྤྱིར་མིང་བཏགས་སྟངས་ཀྱི་ཐད་ལ་དེང་སང་མི་འདྲ་བ་ཁག་གསུམ་དུ་
ཡོང་གི་ཡོད། དེ་ནི་མིང་ལ་འགྲེལ་བ་བཤད་དུ་ཡོད་པ་གཙོ་ཆེར་བྱས་པ།
དཔེར་ན། གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་ཆེན་མོ་ལྟ་བུ་ཡིན། དེ་ནི་མཁན་ཆེན་ཚུལ་ཁྲིམས་བློས་མཆོག་གིས་གཙོ་བོར་བྱས་པའི་ལྗོངས་དང་ཞིང་ཆེན་ཡོངས་སུ་ཀྲམ་པའི་བོད་མིའི་གནས་
ཡུལ་ཀྱི་བོད་མིའི་སྐུ་ཚབ་ཀྱི་དགེ་རྒན་དང་། ཉམས་ཞིབ་པ། སྐད་ཡིག་གི་ཕྱོགས་ལ་མཐོང་རྒྱ་དང་ཉམས་མྱོངས་ཡོད་པའི་མི་གྲངས་མི་ཉུང་བ་ཞིག་གིས་བསམ་བློ་བརྗེ་རེས་དང་། སྲོལ་རྒྱུན་གྱི་མིང་འདོགས་སྟངས་དང་། བོད་མའི་གསུང་རབ་རིན་པོ་ཆེ་དག་གི་ནང་བཞུགས་པའི་མིང་དག་ལ་མཚུངས་བསྡུར་དང་། བོད་མི་ས་གནས་གང་སར་ཁྱབ་པའི་ཡུལ་དེ་དང་དེའི་ཡུལ་སྐད་ལ་གཞིར་བཞག་དང་། གསར་བྱུང་གི་དངོས་པོ་གང་ཐོན་པ་དེའི་སྒྲ་རང་སོར་དུ་བཞག་ནས། དེ་ཡི་སྒྲ་དོན་དེ་བོད་སྐད་ཀྱི་ནང་དུ་འགྲེལ་དུ་ཡོད་པར་བྱས་པ། གཞན་སྐད་དུ་ཡོད་པའི་མིང་དེ་དོན་བསྒྱུར་བྱེད་པ། གཞན་ཡང་ལོ་རྒྱུས་ལ་ཞིབ་འཇུག་བྱས་དེ། དུས་རབ་རྣམས་སུ་མིང་གང་དང་གང་ཡོད་གཞལ་བ། ས་གནས་སོ་སོར་སོང་ནས་ཡུལ་སྐད་ལ་ཞིབ་འཇུག་བྱེད་པ། གཞན་གྱི་མིང་གསར་པ་བཏགས་ཟིན་པ་དང་དཔྱད་བསྡུར་གནང་བ། གཞན་ཡང་དེང་རབ་དང་མཐུན་པར་དེང་རབ་སྐད་ཡིག་ཚན་རྩལ་དང་མཐུན་པར་བྱས་ཡོད་འདི་དག་ང་ཚོའོ་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་ཆེན་མོའི་རྒྱུ་ཆ་དག་ཡིན་ལ། མིང་མཛོད་ལ་འགྲེལ་ནས་བཤད་མི་དགོས་པར་ཁྱེད་ཅག་གི་མིག་སྔོན་དུ་མཛེས་པ་དེ་ཡིན།
དེ་ལས་གཞན་པའི་བོད་ནང་གི་མིང་གསར་ཁག་གཅིག་བྱུང་བ་དག་ནི། རང་རང་སོ་སོའི་གང་བདེར་བྱས་ནས་བཏགས་པ་ལ་གཞིར་བྱས་དེ། མིང་བཏགས་ཟིན་པ་དེ་དག་དེ་མ་ཐག་ནས་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་པའི་གདོང་ཚོད་མེད་བཞིན་དུ་དམིགས་ཡུལ་གྱི་རང་གི་ལྟ་བ་མཁྲེགས་པོ་བྱས་ནས་བཏགས་པ་མིན་པར། ཐོག་མར་མིང་ཚིག་འདི་དག་སྤྱི་ཚོགས་ཀྱི་ནང་མིང་ཚིག་གསར་པའི་དཔྱད་གཞིར་འགྱུར་བའི་རེ་བ་བྱས་ནས་བཏགས་པ་ཞིག་ཡིན། དེ་དག་ནི། དཔེར་ན། ར་རྒྱ་ཤེས་རིག་ནོར་བུའི་གླིང་གི་མིང་ཚིག་ཕྱོགས་བསྒྲིགས་ཀྱི་དེབ་དག་ལྟ་བུ་ཞིག་ཡིན། དེ་དག་གིས་ཀྱང་མཚོ་སྔོན་གྱི་འགོ་ལོགས་ཀྱི་ཕྱོགས་ཁག་རྣམས་སུ་ཤུགས་སྐྱེན་མི་ཉུང་བ་ཞིག་ཐེབ་ཡོད།
དེ་ལས་གཞན་པའི་མིང་མཛོད་ཁ་ཤས་ནི་རང་གི་འདོད་པ་དང་བསྟུན་ཇི་ཐུབ་བྱས་ནས་བྲིས་པ་ཡང་ཡོད། དེ་མ་ཟད་དེ་ནི་སྐད་ཐད་བསྒྱུར་བྱས་ནས་བཏགས་པའི་མིང་མཛོད་ཅིག་ཀྱང་ཡིན་ཚོད་འདུག དཔེར་ན། དབྱིན་སྐད་དུ། how are you ལ། ཧོ་ཨར་ཡོས་དང་། I love you ལ། ཨེ་ལོ་བུ་ཡོས། ཞེས་པ་ལྟ་བུ་བསྒྱུར་ནས་ཡོད་ཚོད་འདུག་པས། བཏགས་པ་་པོ་ཁོ་རང་གིས་བསམ་བློ་རྒྱ་བཏང་བ་རྒྱ་ཆེ་དྲག་ནས་བཏགས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་མཁན་འདུག བསམ་བློ་རྒྱ་ཆེ་དྲག་པ་དེ་ནི། འཛམ་གླིང་གཅིག་དང་རྨི་ལམ་གཅིག་ཟེར་བ་དེ་ལ་ཤིན་དུ་ཐག་ཉེ་བར་འདུག་ན། ང་ཚོ་ཡང་དེ་ལ་ཁ་ཕྱོགས་དགོས་ཚུལ་ཡང་གསུང་མཁན་འདུག དེ་ནི་ཕྱི་ཕྱོགས་ལ་བསམ་བློ་རྒྱ་ཆེ་དྲག་པ་ཡིན་སྐྱོན་ཆེན་པོ་ཞིག་ཡིན་པར་ངོས་བྱེད་ཅིས་ཕྱིར་མི་ཐུབ།
དེ་ནས་ནང་ལོགས་སུ་བསམ་བློ་རྒྱ་ཆུང་དྲག་ནས་ལས་ཀ་བྱེད་སྟངས་དེ་ལ་གཅིག་བལྟས་ན་ཤིན་དུ་ནས་ཀྱང་སྐྱུགས་བྲོ་བ་ཞིག་ཡིན་པར། སྔོན་ཆད་གསེར་རྟ་ཚུལ་ཁྲིམས་ཀྱི་ཟིན་བྲིས་སུ་བཏབ་པའི་ སློབ་ཕྲུག་ཅིག་གིས་དངུལ་ཁུག་སྟོང་པ་བཟོས་ནས་དེབ་ཉོས་པ་མཐོང་བའི་ཚོར་སྣང་། ཞེས་པའི་ནང་དུ་དངོས་བྱུང་དུ་ཐོན་པ་ནི། ཁོང་གིས་གསུང་པར།
སྐབས་འདིར་ཕྱིར་དྲན་བྱེད་འོས་པ་ཞིག་ལ། འདི་ནས་པར་སྐྲུན་བྱས་པའི་དེབ་<<ནགས་ཚང་ཞི་ལུའི་སྐྱིད་སྡུག་>> དང་། <<བཙན་བྱོལ་ནང་གི་མང་གཙོ།>> <<གསར་བྱུང་རྒྱུན་བཀོལ་མིང་མཛོད།>> སོགས་སྤྱི་ཚོགས་ནང་ཚོང་འགྲེམས་ཐད་ནས་གང་འཚམས་རྒྱུག་པོ་ཡོད་ཀྱང་། བོད་མི་རིགས་ཀྱི་སོན་རྩར་གྱུར་པའི་སློབ་ཕྲུག་རྣམས་ཀྱི་ལག་ཏུ་དེབ་དེ་དག་ འགྲོ་རྒྱུ་ཧ་ཅང་དཀོན་པས། ང་ཚོའི་འབྲེལ་ཡོད་ལས་བྱེད་རྣམས་ཚང་འཛོམས་ཐོག་ཐག་གཅོད་བྱས་ནས། གོང་གསལ་དེབ་དེ་དག་ལས་༡༠༠ རེ་ཤེས་རིག་ལས་ཁུངས་བརྒྱུད་བོད་ཀྱི་སློབ་གྲྭ་ཁག་ལ་རིན་མེད་སྤྲོད་རྒྱུ་བྱས་ པ་ཡིན། ཤེས་རིག་ལས་ཁུངས་བརྒྱུད་དགོས་པ་དེ་ཡང་སྦྲག་གླའི་ཐོག་ནས་དཀའ་ངལ་ཡོད་པ་མ་ཡིན་ པར། ཤེས་རིག་ལས་ཁུངས་ནས་སློབ་གྲྭ་སོ་སོར་བཏང་སོང་ན། དོ་སྣང་དམིགས་བསལ་ཞིག་ཡོང་བའི་རེ་བ་བརྒྱབ་པ་ཡིན།
དེར་ བརྟེན་ཐག་གཅོད་གཞིར་བཟུང་ཕྱི་ལོ་༢༠༡༡ ལོའི་ལོ་སྟོད་ཙམ་ལ་ཕྲན་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ཀྱི་ཡིག་ཚང་དུ་ བཅར་ནས། གོང་གསལ་ཐག་གཅོད་བྱུང་བའི་དེབ་དེ་རེ་རེ་མཉམ་འཁྱེར་གྱིས་ཤེས་རིག་བཀའ་བློན་ལ་ ཕུལ་བ་དང་། གོང་དུ་ཐག་བཅད་པ་བཞིན་དེའི་སྐོར་ཆ་ཚང་ཞིག་ཞུས་པ་ཡིན། ཁོང་གིས་ཚིག་འཇམ་པོ་དང་རྣམ་འགྱུར་ཧ་ཅང་ཡག་པོ་ཞིག་གི་ཐོག་ནས་སློབ་གྲྭ་ཚོ་ལ་ བཤད་ཆོག་གི་རེད། ཅིག་བྱས་ན་ཁོང་ཚོས་ལེན་རོགས་བྱས་མི་ཡོང་ངམ། ཞེས་དང། ད་དུང་དེབ་དེ་ཚོ་འདི་གར་སྐྱེལ་དུས་ཚང་མ་མཉམ་དུ་བསྣམ་མ་ཡོང་མ་གཏོགས། བཞག་ས་རག་གི་མ་རེད་ཅེས་གསུངས་སོང་། ངའི་སེམས་ལ་དེ་དག་ལེན་རོགས་བྱེད་དང་མི་བྱེད་ཀྱི་དཀའ་ངལ་ཡོད་པ་ཞིག་མ་ཡིན་པ་ དང་། འཇོག་ས་རག་མི་རག་གི་ཐོག་ནས་ཕུལ་བ་ཞིག་མིན་པ་མ་ཟད། བཙོང་ས་མ་རག་པར་ཕུལ་བ་ཞིག་དེ་བས་ཀྱང་མིན། ཤེས་རིག་བཀའ་བློན་ལ་ངས་སྐབས་དེར་དམིགས་བསལ་གང་ཡང་ཞུས་མེད་ཀྱང་ཁོང་གི་དགོངས་ པ་བཞེས་སྟངས་ལ་བསམ་བློ་བཏང་ན། ང་ཚོའི་དེབ་དེ་དག་མ་ཚོང་པ་མ་ཟད། བཞག་ས་ཡང་མ་རག་པར་ཕུལ་བ་ལྟ་བུར་གྱུར་འདུག་པས། རྗེས་སུ་དེབ་གཅིག་ཀྱང་ཕུལ་མེད། དེ་ནི་ཆེ་ས་ནས་བོད་ཡིག་གི་དེབ་ལ་འཛིན་པའི་རྣམ་འགྱུར་རེད་ལ། དེ་ཡང་སྤྱི་ཚོགས་ཀྱིས་སྤྲད་པའི་གནོན་ཤུགས་ཀྱང་ཡིན་སྲིད། ཞེས་སོགས་ཁོང་གི་ཟིན་རྩོམ་ནང་དུ་བརྗོད་འདུག
དེ་ནི་བཀའ་བློན་ཞིག་གི་ངོས་ནས་མིང་མཛོད་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་ཆེན་མོ་ལ་ལྟ་སྟངས་ཡིན། ཁོ་རང་གི་ལྟ་ཚུལ་དེ་ལྟར་ཡིན་ཡང་གཞན་གྱི་ལྟ་ཚུལ་ཡང་དེ་ལྟར་ཡིན་པར་འགྲེལ་ན་དེ་ནི་ཤིན་དུ་ཉེས་མེད་ལ་ཉེས་པས་གཡོག་པ་ཞིག་ཡིན་ལ། ངས་བསམ་བློ་རྒྱ་ཆེ་དྲག་བ་དང་། ཆུང་དྲག་པར་བཤད་དགོས་པའི་རྒྱུ་མཚན་ནི་དེ་ཡིན། སྐབས་དེ་ཡི་དུས་ནས་གསར་བྱུང་རྒྱུན་བཀོལ་རིས་འགྲེལ་མིང་མཛོད་ཆེན་མོ་ཁྱབ་རྒྱ་ཆེ་རུ་སོང་ན་ཤེས་རིག་ནས་བཟོས་པའི་ཨིན་བོད་བརྡ་ཆད་ཀྱི་དེབ་ཕྲེང་དེ་དག་འཁོར་རྒྱུགས་ཀྱི་ས་ཆ་རག་གི་མ་རེད་བསམ་ནས་ཞེད་སྣང་ཅིག་གི་ངང་ནས་འབྲི་བཞིན་ཡོད་པ་གསལ་བོར་གོ་ཐུབ་ལ། དེ་འདྲའི་ཞེད་སྣང་དེ་སྔ་སའི་ནས་ཡོད་ན་བསམ་བློ་ཅུང་ཙམ་རྒྱ་ཆེ་རུ་བཏང་ཏེ་མཚམས་བཞག་པ་ཡིན་ན་ཡང་དེས་བོད་སྤྱི་ཡོང་ལ་གྱོང་རྒུད་ཆེན་པོ་ཞིག་ཕོག་འགྲོ་བ་བདག་གིས་ཆུ་བུར་མིག་གིས་མི་མཐོང་།
དེར་མ་ཟད་ཨིན་བོད་བརྡ་ཆད་ཟེར་བ་དེ་མ་བྲིས་ན་དགེ་ཕན་ཆེ་བར་མཐོང་། རྒྱུ་མཚན་ནི། བོད་ནང་ནས་ཤེས་ཡོན་ཅན་མང་པོ་ཞིག་གིས་ལོ་མང་པོ་རིང་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་རྒྱ་མའི་གནོན་ཤུགས་མང་པོ་ཞིག་ལ་གདོང་ལེན་བྱེད་ནས་བཏོན་པའི་དེབ་ཚད་དང་ལྡན་པ་ཐོན་ཡོད་པ་དང་། བཏོན་པ་ཙམ་མ་ཟད་སྤུས་དག་ལ་བོད་གཞིས་བཞུགས་ཡོངས་རྫོགས་ཀྱི་ཁས་ལེན་པའི་དེབ་ཞིག་ཡིན་པར་མ་ཟད། བོད་ཀྱི་ནང་སློབ་གྲ་ཆེ་ཆུང་ཁག་དང་དགོན་པ་མང་ཆེ་བའི་ནང་བེད་སྤྱོད་ཀྱི་འཁོར་རྒྱུགས་ཆེ་ཤོས་སུ་གྱུར་ཡོད། དགེ་རྒན་སྨོན་ལམ་ལགས་ཀྱིས་བཀའ་དྲིན་ལ་བསྟེན་ནས་སྨོན་ལམ་ཚིག་མཛོད་དང་མཉམ་བསྡེབས་བྱས་ཏེ། བོད་ཕྱི་ནང་ཡོང་ལ་བེད་སྤྱོད་སྟབས་བདེ་རུ་བཏང་ཡོད་། དེ་བཞིན་དུ་ཤེས་རིག་ནས་ཀྱང་ངོས་ལེན་དང་བཅས་ཁས་ལེན་དང་ངོས་ལེན་ཞིག་དགོས་པ་ཅིས་ཀྱང་གལ་ཆེན་དུ་མཐོང་། བོད་གཞིས་བཞུགས་མང་ཆེ་བའི་བའི་གཙུགས་སུ་བཟུང་བའི་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཆེན་མོ་ཟེར་བ་དེ་ལ་འདི་འཁོར་ཡུག་གཞུང་གིས་ཀྱང་བསྐྲུན་པ་ཡིན་ན་གཞིས་བྱེས་གཉིས་ཀྱི་སྐད་ཡིག་གི་འབྲེལ་ལམ་དེ་ཡང་དེ་ལས་རྒྱ་ཆེ་རུ་འགྲོ་བ་ལ་ཕན་ཐོག་ཆེན་པོ་ཡོད། མི་མང་གི་ངོས་ནས་སྔོན་ཆད་ནས་སྐད་ཡིག་བརྒྱུད་འཛིན་ཚོགས་པས་ངོས་ནས་མང་ཚོགས་དང་བསྡེབས་ནས་དཀའ་ལས་མི་ཉུང་བ་ཞིག་བརྒྱབ་ཡོད།
བཙན་བྱོལ་དུ་ཕྲག་པ་ཆུང་ཆུང་ཅན་ཁག་ཅིག་འདི་ལྟར་དུ་སློབ་གྲ་ཁ་ཤས་ཅིག་གི་ནང་སློབ་མ་རྣམས་ལ་དེབ་དེ་བཀག་འགོག་བྱས་པ་དེ་ནི་རྒྱ་ཀུང་ཁྲན་ལས་ཀྱང་ཐུ་བ་ཞིག་རེད་། རྒྱ་ཀུང་ཁྲན་གྱིས་བོད་ནས་འདི་ལ་བཀག་དེ་ཙམ་བྱས་མེད་ཀྱང་། འདི་ན་སླེབས་དུས་ཇི་འདྲའི་གསར་བྱུང་རྒྱུན་བཀོལ་གྱི་འཁོར་ཡུག་འདི་ཆུང་དུ་བཏང་བའི་ཐབས་ཤེས་སྣ་མང་བྱེད་པ་འདི་ཤིན་དུ་མ་རང་ལ། དེ་ནི་སྤྱིར་བཙན་བཤོལ་སྤྱི་ཚོགས་སུ་བོད་ཡིག་གི་འཁོར་ཡུག་ཆུང་བ་ལ་ཤེས་རིག་མི་ཁ་ཤས་ཀྱིས་དེ་ལས་ཆུང་དུ་བཏང་བར་འདོད་པ་་ནི་དགྲ་དགའ་གཉེན་སྡུག་གི་ལས་ཞིག་ཡིན་པར་ཁ་ཚོན་བཅད་ནས་བཤད་ཐུབ། སྤྱིར་ངས་འདི་ནས་བྱེད་སྟངས་དེ་ཐབས་སྡུག་ཅིག་ཡིན་པར་བཤད་པ་ལས་ཁྱེད་ཅག་གི་འདིས་མིང་མཛོད་ཆེན་མོ་འདི་ཡི་འཁོར་ཡུག་གནོད་སྐྱོན་ཐེབས་འགྲོ་བའི་དོགས་པ་དང་སྔང་སྐྲགས་དེ་ཡེ་ནས་མི་འདུག གསེར་སེར་པོའི་ཉི་མ་ཤར་ས་ནས། སྲིན་བུ་མེ་ཁྱེར་ཀྱིས་ག་ལ་གནོད། འདི་ལྟ་བུ་ཞིག་བྱེད་བསྡད་པ་ལས་གཞན་པའི་སྟོང་ཆ་མང་པོ་ཞིག་ལྷག་པ་དེ་དག་ཁ་སྐོང་བྱས་ན་མི་མཛའ་འམ།
བོད་ནས་གསར་དུ་འབྱོར་བའི་ཁྱད་མ་ཡིན།
ཤེས་རིག་མི་དོག་འགའ་ལ་སྡང་མ་ཡིན།
གུ་ཡང་སྒམ་དཀྱེལ་འཛིན་པའི་རེ་འབོད་ཡིན།
སྙིང་ཁུངས་རུས་པའི་གཏིང་ནས་གསོལ་འདེབས་ཡིན།
ད་དུང་གནས་ལུགས་བཤད་མཁན་ཡོང་ངེས་ཡིན།
ཉིན་ཞིག་ལས་ཁུངས་ནང་ནས་ཐུག་ངེས་ཡིན།
ཞུ་གསོལ་བཀའ་མཆིད་མང་པོ་ཡོད་ངེས་ཡིན།
མིང་གསར་སྡེ་གཉིས་ཆགས་ཀྱིས་དོགས་ནས་བྲིས།
ཨ་རོ་བུ་ལ་གོ་བ་ཡོད་ན་ལོངས།
ས་འདིར་དམངས་གཙོ་དར་བས་བཤད་པ་ཡིན།
མི་འདི་གཞུང་ཞབས་ཡིན་པས་ཞུས་པ་ཡིན།