༄༅།། གསེར་རྟ་རྫོང་དུ་རྟོག་ཞིབ་བྱེད་དུས།
དགེ་རྒན་ཆེན་མོ་དབུན་ལགས་ཀྱིས་སི་ཁྲོན་གསེར་རྟ་རྫོང་དུ་རྟོག་ཞིབ་བྱེད་དུས་བོད་ཁུལ་ཀྱི་ཆེས་སྔ་བའི་གེ་སར་གྱི་རྡོ་བརྐོས་སྐུ་བརྙན་རྙེད་སོན་བྱུང་བ།
སྤེལ་དུས། 2012-07-06 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་སྒྲིག་པ། ཟོན་ཐར་གྱིས་བསྒྱུར།
ལོ་ངོ་སྟོང་ཕྲག་མང་པོར་བོད་ཡུལ་ན་བསྔགས་པར་བརྗོད་པའི་ལོ་རྒྱུས་སྙན་རྩོམ་གྱི་མི་སྣ་འབུར་ཐོན་གླིང་རྗེ་གེ་སར་ནི་མཁའ་ཡི་འཇའ་ཚོན་ཇི་བཞིན་མཚར་སྡུག་ལྡན་ལ་རྟོགས་དཀའ་བ་ཞིག་ཡིན་རྐྱེན། མི་རྣམས་ཀྱིས་རང་ཉིད་ཀྱི་སེམས་ཁོང་གི་དཔའ་བོ་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་བརྙན་ཁྲི་སྟོང་མང་པོ་བཞེངས་ནས་རྗེས་སུ་ཡི་རང་གི་བསམ་པ་མཚོན་པར་བྱས་ཡོད་པ་རེད། སྤྱི་ཟླ༧ཚེས༣ཉིན་རང་རྒྱལ་གྱི་ནང་བསྟན་གནའ་རྫས་རྟོག་ཞིབ་རིག་པ་བ་གྲགས་ཅན་དགེ་རྒན་ཆེན་མོ་དབུན་དབྱི་ཁྲིན་ལགས་ཀྱིས་གསེར་རྟ་རྫོང་རྒྱ་ཞོལ་ཤང་ལྷ་རྩེ་དགོན་པའི་ཉེ་འདབས་སུ་རིག་གཞུང་རྟོག་ཞིབ་བྱེད་དུས་རྡོ་རུ་བརྐོས་པའི་གེ་སར་གྱི་སྐུ་བརྙན་ཞིག་རྙེད་བྱུང་།རྡོ་དེའི་མཐོ་ཚད་ལ་ལི་སྨི༧༡དང་ཞེང་ལ་ལི་སྨི༤༦ མཐུག་ཚད་ལ་ལི་སྨི༦བཅས་ཡོད།
དགེ་རྒན་ཆེན་མོ་དབུན་ལགས་ཀྱིས་གསུངས་དོན།སྐུ་བརྙན་འདི་ནི་ཐང་ག་ཞིག་དང་འདྲ་ཤས་ཆེ།གེ་སར་གྱི་གཙུག་ཏུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲ་ཞིག་ཡོད་ལ་གཡས་གཡོན་དུ་ཉི་ཟླ་སྐར་གསུམ་གྱི་རི་མོ་ཡོད།གེ་སར་གྱི་དབུ་རུ་རྨོག་ཞྭ་ཞིག་གྱོན་ཡོད་ལ་དེ་ནི་སུང་རྒྱལ་རབས་བྱང་མ་དང་ལྷོ་མའི་དུས་སྐབས་ཀྱི་དམག་སྤྱི་ཆེན་མོས་གྱོན་པའི་ཁྲབ་རྨོག་ཡིན་རྐྱེན། སྐུ་བརྙན་འདི་ནི་སྤྱི་ལོའི་དུས་རབས༡༤ནང་གི་ཡིན་པ་རྟོགས་ཐུབ་ལ།ད་ལྟའི་བར་ཆེས་སྔ་བའི་གླིང་གེ་སར་གྱི་སྐུ་བརྙན་ཡིན་པས་གེ་སར་གྱི་ཚད་ལྡན་སྐུ་བརྙན་དུ་བརྩིས་ཆོག་པ་རེད།དགེ་རྒན་ཆེན་མོ་དབུན་ལགས་ཀྱིས་ལྷ་རྩེ་དགོན་པའི་ལྷ་ཁང་ཞིག་གི་ལྡེབས་རིས་སུ་ཆིན་རྒྱལ་རབས་སྐབས་ཀྱི་གེ་སར་རྒྱལ་པོའི་སྐུ་བརྙན་ཞིག་མཐོང་བྱུང་།ཁོང་གི་དབུ་རུ་སོག་པོའི་ལུགས་ཀྱི་ཕྱིང་ཞྭ་སེར་པོ་གྱོན་ནས་རྒྱའི་ལུགས་ཀྱི་ཕོ་བྲང་དུ་བཞུགས་ཡོད།དེ་ཡིས་གནས་འདིར་སྤོས་པའི་སོག་པོ་མི་རིགས་དང་བོད་མི་རིགས་གཉིས་ཀས་གླིང་རྗེ་གེ་སར་ལ་མཐོང་ཆེན་དང་བརྩི་འཇོག་བྱེད་པ་མཚོན་ཡོད།