ཞལ་ཆེམས་ལ་རྩིས་འཇོག་ཞུ་དགོས།
རང་ལུས་མེར་མཆོད་དུ་ཕུལ་བའི་ཞལ་ཆེམས་ལ་ལོག་འགྲེལ་རྒྱབ་སྟེ་ནུས་ཆུང་དུ་གཏོང་བ།།
རང་དབང་ཐམས་ཅད་བདེ་བ་དང་།
གཞན་དབང་ཐབས་ཅད་སྡུག་བསྔལ་ཡིན།
ཞེས་གསུངས་པ་ལྟར་རང་དབང་ནི་བདེ་སྐྱིད་ཀྱི་འབྱུང་རྩ་ཞིག་དང་། གཞན་དབང་ནི་སྡུག་བསྔལ་གྱི་འཁུར་པོ་ཞིག་ཡིན་པ་ཀུན་ཤེས་ཡིན།
བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བདག་དབང་དང་རང་དབང་གི་ཆེད་རང་གི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་རྫོགས་པ་བློས་གཏོང་མཛད་དེ་ཤོག་བུ་དཀར་པོའི་སྟེང་ཡི་གེ་ནག་པོ་བྲིས་སྟེ་རང་གིས་མངོན་འདོད་གང་ཡིན་ཞལ་ཆེམས་གསལ་བཀོད་ཐོག་རང་ལུས་མེར་མཆོད་འབུལ་བ་དེ་ཡང་གཞན་དབང་གིས་སྡུག་གི་འཁུར་བོར་རང་གིས་འཁྱེར་འདོད་མེད་པ་མ་ཟད་རང་གི་བུ་ཚ་རྣམས་ལ་དུང་བའི་བསམ་པ་ཞིག་དང་མི་རིགས་ཞིག་གི་ལས་དབང་ལ་ཕུལ་བའི་ལྷག་བསམ་གྱི་དར་དཀར་ཞིག་ཡིན།
ཞལ་ཆེམས་གྱི་ཡིག་འབྲུ་རེ་རེར་རིན་ཐང་གཞལ་མཐའ་བྲལ་བས་གསེར་སྲང་འཁྲི་སྟོང་གི་མི་ཁུག་ཅིང་། དམག་དཔུང་ཁྲི་སྟོང་མང་པོར་ཁ་ལོ་བསྒྱུར་བའི་ནུས་པ་ལྡན་བཞིན། དཔོན་ངན་གྱི་སྙིང་ལ་ཟུག་ཟེར་སྦྱིན་ནས་ངན་སེམས་རྣམས་ཐལ་བར་རློགས་ཐུབ་པ་ཞིག་ཡིན།
འོན་ཀྱང་བཙན་བྱོལ་གྱི་སྤྱི་ཚོགས་ནང་སྨྱུག་ཐོགས་པ་དང་ཆབ་སྲིད་པ་འགའ་རེས་༼རང་དབང་དང་རང་བཙན་གྱི་༽ཁྱད་པར་བཤད་དེ་དཔའ་བོ་དཔའ་མོ་དག་གི་ཞལ་ཆེམས་ཀྱི་ཚིག་ཟིན་ལ་ལོག་འགྲེལ་རྒྱགས་ཤིང་། དེ་ཡང་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་དབང་དགོས་ཟེར་བ་ལས་རང་བཙན་དགོས་བཞེས་ཤོད་ཀྱི་ཡོད་མ་རེད་ཟེར་བ་སོགས་ནི་ཁོ་བོས་བལྟས་ན་ལྐུག་རྟགས་ཙམ་མ་ཟད། ཁོང་རྣམས་ཀྱིས་མཛད་རྗེས་དེ་དག་གི་རིན་ཐང་དང་ནུས་པ་ཇེ་ཆུང་དུ་གཏོང་བཞིན་པ་མ་ཟད་ཐ་ན་ནུས་མེད་དུ་བཟོ་ཐབས་བྱེད་པ་ནི་ཀུན་སློང་གང་ཞིག་ཡིན་མིན་དྲྭ་གྲོགས་རྣམ་པས་དཔྱད་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་མཐོང་།