དྲ་ཐོག་གི་ཁ་བརྡ།
—————–རྣམ་གྲོལ་གླིང་གི་གྲྭ་འཁྱོག་བྲལ་རྡོ་རྗེ་དང་ལྷན་དུ་སྙན་ངག་ལམ་ནས་དྲ་ཐོག་ཁ་བརྡ།
ཁ་ནི་འཁྱོག་རྡོ་ཡིན་ལ།ཕ་ནི་ཕུན་དབང་མིང་གི་མིང་གཞི་ཡིན་པ་མཁྱེན་པར་མཛོད།
ཁ༽དགུན་གྱི་རྒྱལ་མོས་ཚ་བའི་གུར་ཞིག་ཕུབ ། །
དབྱར་གྱི་བདག་མོས་མཆི་མའི་མཚོ་ཞིག་བསྐྱིལ ། །
དྲོད་གྲང་མགོ་འཇུག་ལྡོག་པའི་ལྷོ་མཐའ་འདིར ། །
འཁྱམ་པོའི་སྐྲ་ལོ་འཐོར་བའི་ལོ་ཟླ་ཟབ །
ཕ༽དབྱར་གྱི་བདེ་སྐྱིད་སུམ་རྩེན་ལྷ་ཡང་སྐྱེངས།།
དགུན་གྱི་གྲང་རེག་གྲང་དམྱལ་ཡིན་ནམ་སྙམ།།
ཚ་གྲང་ཆ་མི་སྙོམས་པའི་སིམ་ལ་ན།།
ལས་རླུང་དེད་པ་མིན་ན་གང་ཡིན་ནམ།།
ཁ༽སྨྱུག་ཆུང་སོར་མོས་འཐམ་སྟེ་སྙན་ངག་བརྩམས ། །
འདས་དུས་ལོ་ཟླ་བསྔོག་སྟེ་ཕྱིར་དྲན་ཀློག །
དྲན་པའི་ཚོར་འདུ་འཕྱུར་བའི་སེམས་ངོགས་ནས ། །
འཁྱམ་པོའི་སྨྱུག་ཁ་སྡུག་དང་མཆི་མས་བརླན ། །
ཕ༽འཕྲལ་ རྐྱེན་མུན་པོ་ནག་མོས་མདུན་ནས་བསུ།།
ལས་ཀྱི་རླུང་པོ་ཤུགས་ཀྱིས་རྒྱབ་ནས་དེད།།
བདག་མེད་གྲྭ་རྐྱང་དབང་མེད་རྒྱང་དུ་བསྐྱལ།།
ཨེ་མ་བླ་མས་ཐུགས་རྗེ་གཟིགས་སུ་གསོལ།།
ཁ༽གང་གི་བཞིན་རས་ཟླ་བའི་དཀྱིལ་འཁོར་ལ ། །
རྐྱེན་ངན་ཆུ་འཛིན་ནག་པོས་མ་སྒྲིབ་པར ། །
སྙན་ངག་མཛེས་པའི་ས་གཞི་གཙང་མ་རུ ། །
ངེད་གཉིས་མཐོ་མར་མཇལ་བའི་སྨོན་ལམ་ཡོད ། །
ཁ༽ འཁྱོག་བྲལ་རྡོ་རྗེས་བསྲིངས་པའི་ཚིག་དེ་སྙན།།
འཁྱོག་བྲལ་ངོ་སྤྲོད་གསལ་བའི་མེ་ལོང་ ཞིག།
བླུན་རྨོངས་བདག་གིས་ཤེས་འདོད་རེ་བ་ལྟར།།
དེ་འཕྲལ་བསྲིང་འཚལ་ཁོ་བོའི་རེ་ བ་བསྐང་།།
འཁྱོག་ བྲལ་ངོ་སྤྲོད་འཁྱོག་མིན་གཏམ་ཞིག་སྒུག།
འཁྱོག་བྲལ་ཐུགས་ལ་ཡོན་ཏན་མཚོ་མོ་ འཁྱིལ།།
འཁྱོལ་བྲལ་སྐུ་ནི་གེ་སར་ཕྱག་མདའ་བཞིན།།
འཁྱོག་བྲལ་རྡོ་རྗེ་མཇལ་བ་ སྤྲོ་ཞིང་བརྟས།།
འཁྱོག་ བྲལ་སྐུ་ལ་མཚན་བཟང་དུ་མ་མངོན།།
འཁྲོག་བྲལ་ཐུགས་ལ་བྱམས་བརྩེའི་དྲོ་ཞིག་ འཁྱིལ།།
འཁྱོག་བྲལ་གསུང་ལ་སྙན་ངག་དྲི་བཟང་ཐུལ།།
འཁྱོག་བྲལ་མཇལ་བ་དགའ་བ་འབུམ་ གྱིས་བཟི།།
ཁ༽གང་གི་བཞིན་རས་ཟླ་བའི་དཀྱིལ་འཁོར་ལ ། །
རྐྱེན་ངན་ཆུ་འཛིན་ནག་པོས་མ་སྒྲིབ་པར ། །
སྙན་ངག་མཛེས་པའི་ས་གཞི་གཙང་མ་རུ ། །
ངེད་གཉིས་ཐོག་མར་མཇལ་བའི་སྨོན་ལམ་ཡོད །
མཐའ་མེད་འཁོར་བའི་མྱ་ངམ་ཐང་ཆེན་དུ།།
འདིར་སྣང་སྨིག་སྒྱུ་ཆུ་བོའི་རྗེས་བསྙེགས་པའི།།
བློ་དམན་བྱིས་པ་བདག་གི་སྙིང་དབུས་སུ།།
མཚོ་འཁྲུངས་ལྷ་ཡི་མེ་ཏོག་རྟག་ཏུ་འཁྱུད།།
ཕ༽ཁྲི་གདུགས་ཉི་མ་ཕྱོགས་མེད་ཀུན་ལ་ཤར།།
བསིལ་བའི་སྦྲང་ཆར་འཛིན་མའི་གསོས་སུ་འབབ།།
ཀུ་མུ་གཉེན་གྱི་གླིང་བཞིར་བསིལ་བར་སྤྱིན།།
མཚོ་བྱུང་ལྷ་མོས་བདག་མགྲིན་ བྱིན་གྱིས་བརླབས།།
སྤྱི་ལོ་༢༠༡༢ཟླ་བ་༠༧ཚེས་༡༥རེས་གཟའ་ཉི་མའི་ཞོགས་པ་ཕྱག་ཚོད་༡༡ཐོག