དྲྭ་གྲོགས་ཀྱི་དྲི་ལན།བོད་རྒྱ་འོག་ལ་འགྲོ་དགོས་བའི་རྒྱུ་རྐྱེན་གླེང་བ།

དྲྭ་གྲོགས་རྣམ་བཀྲ་ལགས་ཁྱེད་ཀྱི་དྲི་བ་ལ་ངས་ལན་རྒྱག་གི་ཡིནརྒྱ་བོད་གཉིས་ཀྱི་གནས་ཚུལ་དེ་ཚིག་རེ་གཉིས་ནང་དུ་སྡོམ་བརྒྱབ་ནས་ཞུ་ཐུབ་པའི་སྟབས་བདེ་བོ་དེ་འདྲ་ཞིག་ཡོད་མ་རེད་ལ་བོད་རྒྱ་འོག་ལ་འགྲོ་དགོས་བའི་རྒྱུ་རྐྱེན་དེ་ཚིག་རེ་གཉིས་ལ་སྡོམ་རྒྱག་ཐུབ་པ་ཞིག་དེ་ལས་ཀྱང་མ་རེད།བོད་རྒྱ་འོག་ལ་འགྲོ་དགོ་བའི་རྒྱུ་རྐྱེན་དང་པོ་མགོ་འཛུགས་ས་ནས་མར་གླེང་བའི་དབང་དུ་བཏང་ན།ཆོས་རྒྱལ་ཁྲི་རལ་གྱིས་ཆོས་ལུགས་པའི་སྡེ་ལ་གུས་ཞབས་བྱ་ཆེ་བའི་རྐྱེན་གྱིས་ཉམ་ཆུང་མི་སེར་ལ་འཚོ་བའི་དཀའ་ངལ་འདུག་ཟེར་ནས་བཙན་པོ་གླང་དར་མས་དགེ་འདུན་པའི་སྡེ་ལ་ཡོན་བདག་ཉུང་དུ་བཏང་བས་དགེ་འདུན་པའི་སྡེ་ཐུགས་ལ་ཕོག་ཐུག་སོང་བའི་རྐྱེན་གྱིས་བཙན་པོའི་དུས་རབས་མཇུལ་སྒྲིལ་བ་རེད།

གནས་ཚུལ་དེས་བོད་རྒྱ་འོག་ལ་འགྲོ་བའི་ཆ་རྐྱེན་དང་པོ་དེ་མགོ་འཛུགས་བྱས་པ་རེད། གཉིས་པ་དེ་སྤྱི་ལོ་༡༢༤༡་ལོར་ས་སྐྱ་པཎ་ཆེན་སོག་པོ་ལ་སོང་ནས་བཟུང་བོད་ཀྱི་ ཆོས་ལུགས་བླ་ཆེན་རྣམས་རྒྱ་སོག་ཡུལ་གྲུ་ཉུལ་ཞིང་སྐད་ཆ་སྙན་མོ་བཤད་ན་མཆོད་ཡོན་སྦྱིན་བདག་དང་།དོན་གྱི་ཆ་ནས་བཤད་ན་ཐོབ་སྙན་གྲགས་དང་སོ་སོའི་ཆོས་ལུགས་རྒྱ་བསྐྱེད་བྱ་བའི་ཆེད་དུ་མི་རིགས་གཞན་ཞིག་ལ་མགོ་བཏགས་སྐྱབས་ཞུ་བྱས་པ་དེ་བོད་རྒྱ་འོགལ་འགྲོ་བའི་རྒྱུ་རྐྱེན་གཉིས་པ་དེ་རེད།ས་སྐྱ་ནས་དགའ་ལྡ་ཕོ་བྲང་པའི་བར་དུ་བོད་ཀྱི་ཆོས་ལུགས་དབང་འཛིན་མི་སྣ་དང་མཐོ་རིམ་འབྱོར་ལྡན་དབང་འབྱོར་གྲལ་རིམ་རྣམས་ཀྱིས་ནང་ཁུལ་དུ་ང་ཤི་ཁྱོད་གསོན་གྱི་དབང་ཆ་འཐབ་རྩོད་བྱས་པ་དེ་བོད་རྒྱ་འོག་ལ་འགྲོ་དགོས་བའི་རྒྱུ་མཚན་གསུམ་པ་དེ་རེད།

རྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་མན་ཇུ་ཨམ་བན་སྐུ་ཚབ་བོད་དུ་བཞག་པ་དེ་བོད་རྒྱ་འོག་ལ་འགྲོ་དགོས་བའི་རྒྱུ་མཚན་བཞི་པ་དེ་རེད།
རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ་ཁམས་ཕྱོགས་ལ་དབང་ཤུགས་བཙན་པའི་ཉག་རོང་དཔོན་པོ་སྡེ་པ་གཞུང་དགའ་ལྡན་ཕོ་བྲང་གིས་བསད་པ་དེ་ཁམས་ཕྱོགས་ནས་དྲ་འོ་ཨར་ཕུང་དམག་བོད་དབུ་གཙང་ལ་ཡོང་བའི་སྒོ་ཕྱི་བ་འདྲ་བོ་ཞིག་ཆགས་ཡོད།གནས་ཚུལ་གཞན་ཞིག་ལ་རྒྱལ་མཆོག་ལྔ་པས་སོག་པོའི་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་ལ་ལྷ་ཚང་པའི་གོ་གནས་ཕུལ་ནས་བོད་དུ་བཞག་པ་རེད།ཁོང་གི་མི་རྒྱུད་ལྷ་བཟང་ ཁང་གིས་དྲུག་པ་ཚངས་དབྱང་རྒྱ་མཚོ་གནས་དབྱུང་བཏང་ཞིང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བསད་པ་སོགས་ཀྱི་གནས་ཚུལ་རྙོག་འཛིང་ཅན་དུ་མ་ཞིག་ཡོད་དེ་ཡང་བོད་རྒྱ་འོག་ལ་འགྲོ་བའི་ཆ་རྐྱེན་གཅིག་ཆགས་ཡོད།

ད་དུང་རྒྱུ་རྐྱེན་གཞན་ཡང་ཡོད་པས་མུ་མཐུད་ནས་ཞུ་ཆོག