༄༅།། འདི་སྣང་རྫུན་གྱི་རང་གཤིས།།
བུ་མོའི་སེམས་ཁ་མ་འཁྱག།།
འདི་སྣང་སྙིང་པོ་མེད་པ།།
བུ་ངའི་ཆོས་ལམ་འཚོལ་སྙིང་།།
སེམས་ཀྱི་གཏིང་ལ་བབ་སོང་། །
སེམས་ཀྱི་ཕུགས་བསམ་མངར་མོ།།
ནང་པའི་ལྷ་ཆོས་ཡིན་པ།།
ཁྱེད་ཀྱི་ང་ཡི་ཐུན་མོང་།
ད་ལོ་སླར་ཡང་རྟོགས་སོང་།།
སྙིང་གི་དཀྱིལ་ན་འཁོར་བའི།།
བརྩེ་དུང་འཛུམ་དཀར་རི་མོ།།
ཡལ་མེད་སེམས་ཀྱི་སྙིང་གྲོགས།།
གཏན་གྱི་ལྷ་ཆོས་འཚོལ་འགྲོ།།
འདི་སྣང་སྨུག་རྒྱུའི་རོ་མོ།།
གཅར་གྱིན་ཕར་ཕར་བགྱེད་འགྲོ།།
ཞེན་ཆགས་སེམས་ཀྱི་གོད་ཆག།།
ཕུགས་བསམ་བརླགས་པའི་གཞི་མ།།
དུང་བའི་གསང་གཏམ་མང་ཡང་།།
འཛུམ་པའི་དགོད་སྒྲ་མཛའ་འང་།།
མི་རྟག་བསུ་མ་ཕེབས་ཉིན།།
མཐོང་མེད་དབྱིངས་སུ་ཡལ་འགྲོ།།
གཏན་མེད་ཡལ་རྒྱུ་མེད་པའི།།
སེམས་ཀྱི་སྨན་མཆོག་གཅིག་པར།།
བྱམས་ཆེན་ཐུབ་པའི་རང་ལུགས།།
གཏན་གྱི་ཕུགས་བསམ་འདི་རེད།།
གཡོ་འཕྲུལ་རྫུན་མའི་གྲོང་འདིར།།
འདོད་རྔམ་ཆུ་ཡི་རྒྱ་མཚོ།།
སེམས་ཀྱི་གཏིང་དུ་བཞུར་སྐབས།།
གཉེན་པོ་ལྷ་ཆོས་གཅིག་པར།།
བརྩེ་བའི་དུང་བ་ཟབ་རུང་།།
ཞེ་གཏན་མངར་མོ་ཞིམ་ཡང་།།
མི་རྟག་སྐུ་མགྲོན་ཕེབས་སྐབས།།
རང་ཉིད་གཅིག་པར་ལས་འགྲོ།།
ང་དང་ཁྱེད་ཀྱི་ལམ་སྟོན།།
གཏན་གྱི་སྐྱབས་གནས་གཅིག་ཆོག།།
མཆོག་གསུམ་ཁོ་ན་ཡིན་པར།།
བརྗེད་མེད་སྙིང་ནས་སྒོམ་དགོས།།
མི་རྟག་སྒྱུ་མའི་རང་གཤིས།།
བསམ་ན་་སེམས་པ་སྐྱོ་འགྲོ།།
སྙིང་པོ་མེད་པའི་འདི་སྣང་།།
རིག་རིག་བལྟས་བལྟས་འགྱུར་འགྲོ།།
བཅོས་མིན་འཛུམ་གྱི་དྲོད་ཁོལ།།
བྱམས་ཆེན་ཐུབ་པའི་ཕ་ཆོས།།
ཚ་གདུང་སྙིང་གི་གསོས་སྨན།།
དྲན་ན་ངོ་མཚར་སྐྱེའོ།།
ཁྱེར་རྐྱང་ཉམ་ཆུང་བུ་ངའི།།
རྡ་སའི་ནགས་གསེབ་ཞིག་ནས།།
ལྷད་མེད་སེམས་ཀྱི་སྣང་བརྙན།།
གང་དྲན་གླུ་རུ་ཤོར་སོང་།།
གསེར་རྟའི་མཐོ་སྒང་རི་བོའི་སྨན་ལྗོངས་སུ་སྐྱེས་པའི་ལུགས་གཉིས་ཀྱི་དབེན་པའི་མུ་ཏོ་པ་
དཔལ་ཤུལ་བསོད་ནམས་ཕུན་ཚོགས་སམ་བཏགས་མང་ལ་འབྲོང་སྲས་སུ་འབོད་པས་
རྡ་རམ་ས་བོད་ཀྱི་ཟློས་གར་ཚོགས་པའི་ཉེ་འགྲམ་ནས་སུག་བྲིས་བགྱིས་སོ།། ༢༠༡༢ ༧ ༡༥