བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ནུས་མེད་དུ་གྱུར་པའི་རྒྱུ་མཚན།
—-ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ།
“ཁྲིམས་ཁང་ཡོད་ཀྱང་ཞུ་གཏུག་བྱེད་མཁན་མེད་པ་དང་། བཅད་ཁྲ་ཡོད་ཀྱང་བརྩི་མཁན་མེད་པ་” ནི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། དེའི་ཡན་ལག་ས་གནས་ཁྲིམས་ཞིབ་ཁང་དེ་དག་ཡིན་ཚུལ་ནི་བཙན་བྱོལ་སྤྱི་ཚོགས་སུ་ཁ་རྒྱུན་བཤད་སྲོལ་ཞིག་ཏུ་གྱུར་ཡོད་པ་དང་།
བཤད་སྲོལ་དེའང་དོན་དངོས་ཀྱི་གནས་ཚུལ་ཞིག་ཡིན་པ་ལས་འཁྱོག་བཤད་དང་སྒྲོ་འདོགས་བྱེད་པ་ཞིག་གཏན་ནས་མིན་པ་རེད།
སྤྱིར་བཏང་ནས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་གཉིས་པའི་དོན་ཚན་བདུན་པ་ནས་དགུ་པའི་བར་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དང་སྐོར་སྐྱོད་ཁྲིམས་ཞིབ་ཁང་། ད་དུང་ཆེས་མཐོའི་ཁྲིམས་ཞིབ་ཁང་སོགས་ཁྲིམས་ཞིབ་ཁང་ཆེ་འབྲིང་ཆུང་གསུམ་གྱི་ཁྲིམས་ཁོངས་ཁྱབ་ཚད་སྐོར་གསུངས་ཡོད་པ་དང་། དེ་ཡང་ང་ཚོ་ནི་རང་བཙན་མེད་པའི་སྐྱབས་བཅོལ་བའི་ངོ་བོ་ཐོག་མང་གཙོའི་སྒྲིག་གཞི་དང་ལམ་སྲོལ་ལག་བསྟར་བྱེད་བའི་བཙན་བྱོལ་སྒྲིག་འཛུགས་ཤིག་ཡིན་པས། ང་ཚོའི་ཁྲིམས་ལུགས་དབང་འཛིན་འདི་ཉིད་ཀྱང་། ནག་ཉེས་སོགས་ཁྲིམས་ལུགས་ཁྲིམས་ཉེས་ཆེ་པ་དང་། གནས་ཡུལ་ཡུལ་ཁྲིམས་ལུགས་གཞན་དག་དང་མི་འགལ་པ་སོགས་གུ་དོག་གི་ཁྲིམས་ཁོངས་ཁྱབ་ཚད་ཞིག་ཏུ་གནས་ཡོད་པ་དང་། དེ་ཡང་གཞན་དབང་སྟབས་བསྟུན་དང་བྱ་ཐབས་མེད་པ་ཞིག་ཡིན་ནའང་། རྒྱ་གར་གྱི་བར་འདུམ་བྱེད་རྒྱུའི་ཁྲིམས་ལུགས་(Arbitraction)ཀྱི་འགྲོ་ལུགས་སུ་གཞི་བཅོལ་བའི་ང་ཚོའི་ཁྲིམས་ལུགས་དབང་འཛིན་གྱི་འགྲོ་ལུགས་དེ་ནི། རྒྱ་གར་གྱི་ཁྲིམས་ལུགས་དང་མི་འགལ་བ་མ་ཟད། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ཁྲོད་བོད་མིིའི་བདེ་སྡུག་མང་པོ་གཏུག་བཤེར་ཆོག་པའི་ཁྲིམས་ལུགས་གནད་ལ་ཕིགས་པ་ཞིག་ཡིན། ཁྲིམས་ལུགས་འདི་ཉིད་ཀྱིས་བཙན་བྱོལ་བོད་མི་རྣམས་ཀྱི་གནས་བབས་དང་འོས་མཚམས་ཀྱི་གཏུག་བཤེར་ཆོག་པའི་ཐོབ་ཐང་དང་གོ་སྐབས་མང་པོ་སྤྲོད་ཀྱི་ཡོད།
བཙན་བྱོལ་བོད་ཀྱི་སྒྲིག་འཛུགས་དང་། མི་མང་གི་དམིགས་བསལ་དགོས་མཁོ་དང་བསྟུན། སྤྱི་ལོ་༡༩༩༢ ལོའི་ཟླ་༣ ཚེས་༡༡ ཉིན་ནས་དངོས་སུ་བཙན་བྱོལ་བོད་མིའི་ཆེས་མཐོ་བའི་ཁྲིམས་ཞིབ་ཁང་དེ་དབུ་འཛུགས་ཞུས་པ་དང་། དེ་ནས་ད་བར་ཆེས་མཐོ་བའི་ཁྲིམས་ཞིབ་ཁང་ནས་ཞུ་གཏུགས་ཀྱི་ཁ་མཆུ་བཅུ་བདུན་ཙམ་བྱུང་ཡོད། བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་དུ་ཞུ་གཏུག་གཅིག་དང་། ལྷོ་ཕྱོགས་སུ་ཁ་མཆུ་ཞུ་གཏུག་གསུམ་བྱུང་བ་སོགས་འཁྱོན་བསྡོམས་ད་བར་ཞུ་གཏུག་ཁ་མཆུ་ཉི་ཤུ་ཙམ་ལས་བྱུང་མེད་པ་རེད། ལོ་ངོ་ཉི་ཤུའི་ནང་ཞུ་གཏུག་ཁ་མཆུ་ཉི་ཤུ་རྩ་གྲངས་ལས་བྱུང་མེད་པའི་སྒྲིག་འཛུགས་ཤིག་གི་ཁྲིམས་ཁང་ནི་འཛམ་གླིང་ཡུལ་གྲུ་གཞན་ལ་ཉིན་མོའི་སྐར་མ་ལྟར་མཐོང་རྒྱུ་དཀོན་ལ། དེ་ནི་སྒྲིག་འཛུགས་མ་ལག་དེའི་རྗེས་ལུས་ཀྱི་རང་བཞིན་མཚོན་བའི་གནད་དོན་ཞིག་རེད་སྙམ།
འདི་ལྟར་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དེ་ཉིད་ནུས་མེད་དང་རྩིས་མེད་དུ་གྱུར་པའི་གནད་དོན་གཙོ་བོ་ནི། རང་ཅག་བོད་པའི་སྤྱི་ཚོགས་སུ་ངོ་ཚ་ཁྲལ་ཡོད་ཀྱི་སྲོལ་རྒྱུན་ལམ་སྲོལ་གྱི་བག་ཆགས་མཐུག་དྲགས་པ་དང་། ནང་མི་ཕན་ཚུན་དང་ཁྱིམ་མཚེས་ཕན་ཚུན་བར་རྒྱུན་དུ་བྱུང་བའི་རྩོད་རྙོག་དེ་དག་ཕྱིར་བསྒྲགས་བྱེད་དུ་མི་འཇུག་པར་ནང་ཁུལ་འདུམ་སྒྲིག་བྱེད་ཐབས་བྱེད་པ། ཡང་ན་ལྟ་བ་མཁྲེགས་འཛིན་གྱིས་བཟོད་སྒོམ་བྱེད་པའི་གོམས་གཤིས་ཡོད་པ་མ་ཟད། ཁྲིམས་ལུགས་ཐད་ཤེས་རྒྱ་ཆུང་ཞིང་དེའི་སྐོར་གོ་རྟོགས་ཀྱི་བློ་ཁ་ཕྱེ་མེད་པ་དང་། ཁྲིམས་ལུགས་ཀྱི་དོན་སྙིང་རྟོགས་མེད་པའི་སྒང་། ཁྲིམས་དོན་གྱི་ཕྱག་ལས་གནང་མཁན་ཕལ་ཆེར་ཁྲིམས་ལུགས་ཀྱི་ལྟ་གྲུབ་ཞན་ཞིང་ཁྲིམས་ལུགས་ལ་ཆེད་སྦྱོང་གི་ཤེས་ཡོན་ཅན་མེད་པ། སྤྱི་འཐུས་ལྷན་ཚོགས་ནས་དགོས་ངེས་ཀྱི་ཁྲིམས་ལུགས་ཁ་ཤས་བཟོས་མེད་པ་དང་། དེ་ལས་གལ་ཆེ་བ་ཞིག་ནི་ཁྲིམས་གཅོད་ཀྱི་ཉེས་པ་ཡང་ཞིང་ནུས་མེད་ཡིན་པས་མ་ཚད་། ཐོབ་ཤོར་གྱི་ཁྲིམས་གཅོད་གཉིས་ལ་ལྗིད་ཡང་གི་ཁྱད་པ་མེད་པ་དང་། སྤྱི་ཚོགས་ཁྲོད་དེ་ལ་སྣང་འཇོག་དང་ཤེས་རྟོགས་མེད་པ། ཁྲིམས་གཏུག་ཞུ་སྦྱོར་བ་ཚོ་ལ་རྩོད་ལེན་པ་སྤྱི་སྒེར་སུ་ཡིན་རུང་ཁྱད་གསོད་དང་སྤྱི་ཚོགས་ནས་ཕྱིར་འབུད་གང་ཐུབ་བྱེད་པ་སོགས་རེད།
ཁྲིམས་ལུགས་འདི་ཉིད་ཀྱི་ནུས་པ་གོང་མཐོར་གཏོང་དགོས་པ་ཡིན་ན། ཐོག་མར་ཅིས་ཀྱང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་སློབ་གསོ་དང་གོ་རྟོགས་ཆེས་ཆེར་སྤེལ་དགོས་པ་དང་། དེ་ཡང་དེང་རབས་ཀྱི་ཁྲིམས་ལུགས་ལྟ་གྲུབ་དང་། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཁུངས་ཁྱབ་ཚད་ནས་མ་བརྒལ་པར་བོད་མི་ཚོར་ཁྲིམས་ལུགས་གཟབ་སྦྱོང་སྤྲོད་པ་དང་། བཙན་བྱོལ་དུ་ཁྱབ་སྤེལ་ཆེ་བའི་ཚགས་ཤོག་ཁག་ཏུ་བོད་མིའི་ཁྲིམས་དོན་དང་ཁྲིམས་ལུགས་ཤེས་བྱ་སྤེལ་བའི་ལེ་ཚན་ཞིག་ཉོས་ནས་ཁྲིམས་ལུགས་ཤེས་བྱ་དང་། བཙན་བྱོལ་བོད་མིའི་ཁྲིམས་གཏུག་གི་ཐོབ་ཐང་དང་ཁྱབ་ཁུངས་སོགས་ངོ་སྤྲོད་བྱེད་པ་དང་། ད་བར་ཁྲིམས་ཞིབ་ཁང་ནས་གསོ་སྐྱོངས་གནང་བའི་བོད་མིའི་ཁྲིམས་རྩོད་པ་རྣམས་ལ་ཆེ་མཐོང་སྤྲོད་རྒྱུ་དང་། ཁོང་ཚོ་མཉམ་རུབ་ཀྱིས་བོད་མིའི་ཁྲིམས་རྩོད་པའི་སྒྲིག་འཛུགས་གམ་ཚོགས་པ་ཞིག་བཙུགས་ནས། བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་ཁྲིམས་ལུགས་སློབ་གསོ་སྤེལ་པ་དང་བོད་མིར་ངེས་མཁོ་ཁྲིམས་ལུགས་ཁག་ངོ་སྤྲོད་བྱེད་པ་སོགས་ལས་འགུལ་འདྲ་མིན་སྤེལ་དགོས་གལ་ཤིན་ཏུ་ཆེ། དེ་ནི་བོད་མིའི་སྤྱི་ཚོགས་སུ་ཁྲིམས་ལུགས་ལ་རྨོངས་བའི་སྲོལ་རྒྱུན་གྱི་བག་ཆགས་ངན་པ་ཚོ་སེལ་ཐུབ་པ་དང་བོད་མི་རྣམས་ཁྲིམས་ལུགས་ལ་དོ་སྣང་སླེབས་པར་ཧ་ཅང་ཕན་སྙམ། ཁྲིམས་ཞིབ་པ་སོགས་ཁྲིམས་དོན་གྱི་ཕྱག་ལས་གནང་མཁན་གྱི་གཙོ་སྣེ་མི་སྣ་དེ་དག་ངེས་པར་ཏུ་ཁྲིམས་ལུགས་སློབ་མཐར་ཕྱིན་པ་དང་། ཁྲིམས་ལུགས་ཀྱི་གཞི་རྩའི་ལྟ་གྲུབ་ཡོད་པ་ཡིན་དགོས་པ་ལས་ཁྲིམས་ལུགས་ཀྱི་ལྟ་གྲུབ་ལ་རྨོངས་ཞིང་ཁྲིམས་ངོ་མི་ཆོད་པ་དེ་འདྲ་བསྐོ་བཞག་བྱེད་མི་རུང་། དེ་ནི་མི་མང་གིས་ཁྲིམས་ཁང་ལ་ཡིད་ཆེས་སླེབས་པ་དང་གཏུག་བཤེར་ལ་ཁྲིམས་དོན་གྱི་དྲང་བདེན་ཡོང་བའི་རྩ་འཛིན་ཆ་རྐྱེན་ཞིག་ཡིན།
སྤྱི་འཐུས་ལྷན་ཚོགས་ནི་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་བཟོ་མཁན་དེ་ཡིན་པ་དང་། དེས་བོད་མིའི་དགོས་མཁོ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱད་པ་སྟེ། བོད་ཀྱི་ཡུལ་མིའི་ཆ་རྐྱེན་སོགས་ལག་ལེན་དུ་བསྟར་ཆེད་དགོས་ངེས་ཁྲིམས་ལུགས་ཤིག་ད་བར་གཏན་འབེབས་བྱས་མེད་པ་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བཅུ་གསུམ་པ་སྟེ། ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱེད་མིར་ཆད་འགེལ་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་ནས། ད་བར་ཟུར་དུ་ཁྲིམས་ལུགས་མ་བཟོས་པ་སོགས་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་འདི་ཉིད་སྲ་བརྟན་དང་། འཕེལ་རྒྱས་འགྲོ་བར་དགོས་ངེས་ཀྱི་ཁྲིམས་ལུགས་ཁ་ཤས་བཟོས་མེད་པ་རེད། དེས་བོད་ཀྱི་ཁྲིམས་ལུགས་ལག་བསྟར་དང་། ཁྲིམས་ལུགས་ལས་བྱེད་སོགས་ལ་དཀའ་ཁག་བཟོ་བཞིན་ཡོད་ལ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལ་ཆ་མི་ཚང་བའི་སྟོང་ཆ་མང་པོས་སྐྲུན་བཞིན་ཡོད་པས། སྤྱི་འཐུས་ལྷན་ཚོགས་ནས་ཅིས་ཀྱང་ཁྲིམས་ལུགས་དེ་དག་བཟོ་དགོས་པ་ཤིན་ཏུ་གལ་ཆེ་ལ། དེ་ཡང་ང་ཚོས་སྤྱི་ཚོགས་ཀྱི་གནོན་ཤུགས་དང་སྒྲིག་ཁྲིམས་ཀྱི་ལམ་སྲོལ་གསར་གཏོད་བྱེད་པའི་ཐབས་ལམ་བརྒྱུད་ཁྲིམས་ལུགས་གཏན་འབེབས་བྱེད་ན་བཟང་སྙམ།
བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ལ་ཁྱད་གསོད་དང་དེའི་བྱ་རིམ་བརྒྱུད་གཏོང་བའི་བཅད་ཁྲ་ལ་མི་རྩི་པ་ནི། བོད་མིའི་སྒྲིག་འཛུགས་ལ་མ་བརྩིས་པ་ཡིན་དུས། དེ་ནི་བོད་མིའི་ཆབ་སྲིད་ཀྱི་བརྟན་ལྷིང་དང་སྤྱི་ཚོགས་ཀྱི་བདེ་འཇགས། བཙན་བྱོལ་བོད་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་སོགས་ལ་རྡོག་རྫིས་གཏོང་གི་ཡོད་པས། མི་དེ་དག་ནི་ང་ཚོའི་སྤྱི་ཚོགས་འདི་ཉིད་གཏོར་བཤིག་གཏོང་མཁན་གཙོ་བོ་དེ་ཡིན་ལ། དེ་ཚོ་ལ་སྣང་མེད་གཏོང་བ་དང་། ཆད་འགེལ་དྲག་པོ་མི་བྱེད་པ་ནི་རང་ཉིད་ཀྱིས་རང་ཉིད་འཆི་བདག་གི་ཁ་ནང་དུ་བརྫངས་པ་དང་གཉིས་སུ་མེད་པ་རེད། ང་ཚོས་གསར་གྱུར་བརྒྱུད་ལམ་ཁག་དང་མི་མང་གི་གནོན་ཤུགས། སྤྱི་ཚོགས་ཀྱི་གནོན་ཤུགས་དང་སྒྲིག་སྲོལ་གྱི་སྒྲོམ་གཞི་སོགས་ཐབས་ཤས་ཡོད་ཚད་གཏོན་ཏེ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་ལ་ཁྱད་གསོད་དང་མི་བརྩི་མཁན་ཚོ་བོད་པའི་སྤྱི་ཚོགས་ནང་མཐོང་མེད་པར་བཟོ་དགོས་པ་དང་། ཁོ་ཚོ་ལ་སྤྱི་ཚོགས་ཀྱིས་མཐུང་ཆུང་དང་ཁ་ཡ་མི་བྱེད་པ་བཟོ་དགོས་པ་མ་ཟད། ཁོ་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྒྲིག་འཛུགས་ཆེ་ཕྲ་གང་རུང་ནང་འཛུལ་བཞུགས་བྱེད་མི་ཆོག་པ་བྱེད་དགོས་ལ། ཁོ་ཚོའི་མིང་དང་ལོ་རྒྱུས་དེའང་བོད་ཀྱི་ནག་ཉེས་དང་གཏོར་བཤིག་མི་སྣའི་མིང་གཞུང་དང་ལོ་རྒྱུས་ནང་ཉར་ཚགས་བྱེད་དགོས། དེ་འདྲ་བྱས་ན་ད་གཟོད་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་དབང་འཛིན་ལ་ཆེ་མཐོང་དང་ནུས་པ་སླེབས་ཐུབ་པ་ལས། བཟང་སྤྱོད་མེད་པའི་སྤྱི་ཚོགས་ཤིག་ལ་བཟང་སྤྱོད་ཀྱིས་ཁྲིམས་ལུགས་ཆད་འགེལ་བྱེད་པ་ནི་ནམ་ཡང་ནུས་པ་ཐོན་པ་ཞིག་མི་ཡོང་ཐག་ཆོད་རེད།