གསོལ་འདེབས་མའོ་ཙེ་ཏུང་།།
གཞན་སེམས་སྒོམ་པའི་བྱང་ཆུབ་སེམས་པ་ཡིས།།
ཁྱོད་ལ་ཚེ་ཐག་ཐུང་བའི་མཐུ་གཏད་བྱས།།
གྲོང་གསེང་ནང་གི་ཨ་མ་རྒན་མོས་ཀྱང་།།
ཁྱོད་ལ་བར་ཆད་མང་བའི་སྨོན་ལམ་བཏབ།།
མི་ཚེ་དྲག་སྔགས་བགྲང་བའི་རི་ཁྲོད་པས།།
དམར་ཆེན་གཏོར་ཟོར་ཁྱོད་ཀྱི་ཐོག་ལ་ཕབ།།
གཞན་གནོད་སྤང་བའི་ཤཀྱ་དགེ་སློང་གིས།།
སྦྱིན་བསྲེག་དམར་པོའི་མེ་ལྕེ་ཁྱོད་ལ་གཏད།།
གོག་འགྲོས་བྱ་བའི་བསམ་མེད་བྱིས་པས་ཀྱང་།།
ཁྱོད་ཀྱི་འདྲ་གཟུགས་ཐོག་ལ་སྐྱག་པ་བྱུག
མགོ་ནག་བོད་པ་ཚང་གི་མི་རིགས་འདིས།།
བསྟན་པའི་དགྲ་བོའི་མིང་བྱང་ཁྱོད་ལ་གནང་།།
བརྟན་བཞུགས་ཉི་མ་གཅིག་ལ་མ་ཕུལ་ཞིང་།།
ཞབས་བརྟན་ཚིག་བཞི་ཙམ་ཡང་མ་བཏོན་ཀྱང་།།
མི་ལོ་གྱ་གསུམ་མི་ཚེའི་མཐར་ཕྱིན་པའི།།
མའོ་ཚེ་ཏུང་ཞབས་ལ་གསོལ་བ་འདེབས།
༢༠༡༢་སྤྱི་ཟླ་༧་པའི་ཚེས་༡༨་ཞོགས་པར་ཞོགས་ཟས་ཟ་ཞོར་དྲྭ་ངོས་སུ་མགྱོགས་བྲིས་བྱས།