གྲྭ་པ་དང་སྨད་ཚོང་མའི་ལས་དབང་།ད་དུང་རིས་མེད་ཆོས་ཚོགས་ཀྱི་སྦྱིན་བདག

སྔོན་གྱི་དུས་བོད་གངས་ལྗོངས་སུ་༧རྒྱལ་བ་ཤཀྱ་མུ་ནིའི་རིང་ལུགས་ངོ་མ་འཛིན་པའི་བཀའ་གདམ་པའི་དགེ་བའི་བཤེས་གཉེན་ཚོས་སྤང་བྱ་ངོ་མ་དེ་འཇིག་རྟེན་ཆོས་བརྒྱད་བྱས་ནས།       བློ་ཕུགས་ཆོས་ལ་གཏད་ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད་ནས་ས་ལམ་གྱི་རྟོགས་པ་དང་ཉམས་རྟོགས་ཀྱི་ཡོན་ཏན་སྐྱེ་བའི་རྣམ་ཐར་རྣམས་མཇལ་དུས་ངོ་མཚར་དགོས་བ་དུ་མ་བོད་གངས་ལྗོངས་སུ་བྱུང་མྱོང་ཡོད།


རིམ་གྱིས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དབང་འཛིན་པ་རྣམས་རྒྱ་སོག་ཡུལ་གྲུ་འགྲིམས་ནས་རྒྱ་སོག་དཔོན་པོ་ཚོའི་ལག་ནས་མིང་གི་ཆོ་ལོ་འཇའ་ས་ད་དུང་གསེར་དངུལ་རིན་ཆེན་གྱི་འབུལ་བ་བླང་ནས་ཆོས་ལུགས་བླ་མའི་བྱེད་སྒོ་རྣམས་རྣམ་པ་མི་འདྲ་བ་ཞིག་ཆགས་མྱོང་ཡོད།
རིམ་པ་གཞན་ཞིག་ལ་དེང་སང་ང་ཚོ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་པ་རྣམས་ཆེས་རྒྱས་སྤྲོས་དང་སྙན་གྲགས་སྒྲུབ་པའི་རྣམ་པ་རུ་ངོ་བོ་གྱུར་ནས་བྱང་སེམས་དང་བསྟན་འཛིན་སྐྱེ་བུའི་མཚན་གྱི་གཟི་བརྗིད་ཡོད་མཁན་ཚོ་དང་། དེ་འོག་ནས་མཁན་པོ་དང་སྤྲུལ་སྐུ་དགེ་བཤེས་ད་དུང་ཆོས་རྗེ་བླ་མ་ཞེས་པའི་མཚན་བྱང་རྫིག་པོ་ཅན་ཚོ་དང་།མཚན་བྱང་དམིགས་བསལ་གང་ཡང་མེད་ཀྱང་གྲྭ་ཆས་དང་སྔགས་ཆས་གྱོན་པའི་ནང་བསྟན་ཆོས་ལུགས་ཀྱི་རྗེས་འཇུག་གི་མིང་ཁུར་མཁན་རྣམས་ཤར་ནུབ་ཡུལ་གྲུ་ཀུན་འགྲིམ་པའི་ལུགས་སྲོལ་ཞིག་དར་ནས་ལོ་མང་ཕྱིན་ཟིན།
འཕོ་འགྱུར་འདིས་བོད་བརྒྱུད་ནང་བསྟན་འདི་འཆི་ས་ནས་གསོན་ལམ་དུ་ཁྲིད་རྒྱུའི་ཚབ་ཏུ་གསོན་ས་ནས་འཆི་ལམ་དུ་ཁྲིད་པ་རེད་ཟེར་ནས་ཁ་ཚོན་གཅོད་ནས་བཤད་ཐུབ།
ང་རང་ཡང་ལོ་འདིར་ཡུལ་སྐོར་སྤྲོ་འཆམ་ཞིག་གི་ཆེད་དུ་སིངྒ་པུར་དང་། མ་ལེ་ཤ་ཡ་སོགས་ལ་ལན་གཅིག་ཕྱིན་པ་ཡིན།ས་ཕྱོགས་དེ་ཚོ་ནས་གོ་བའི་སྐད་ཆ་དང་མཐོང་བའི་གནས་ཚུལ་འགའ་ངས་འདིར་འགོད་འདོད་བྱུང་།སེངྒ་པུར་དང་།        མ་ལེ་ཤ་ཡ་ལ་ཆ་མཚོན་ལ་བོད་བརྒྱུད་ནང་བསྟན་ས་དགེ་བཀའ་རྙིང་གི་ཆོས་ཚོགས་མང་པོ་ཞིག་འདུག
ཆོས་ཚོགས་དེ་ཚོ་རྒྱ་བལ་འབྲུག་སོགས་ལ་ཡོད་པའི་དགོན་པ་གཞུང་དང་། མཁན་བླ་དགེ་བཤེས་སྤྲུལ་སྐུ་གཞན་གྲྭ་པ་སྒེར་སོགས་ཀྱིས་རྣམ་པ་མི་འདྲ་བའི་ཐོག་ནས་བཙུགས་པའི་ཆོས་ཚོགས་གང་མང་ཞིག་འདུག
ངས་འབྲེལ་ཡོད་མང་པོ་ཞིག་ལ་ཆོས་ཚོགས་ཟེར་བ་འདི་དང་པོ་བཙུགས་པའི་དམིགས་ཡུལ་གང་ཡིན་སྐོར་ལ་འབྲེལ་ཡོད་འགའ་ལ་སྐད་ཆ་དྲིས་བ་ཡིན།ཁོང་ཚོས་ཟེར་ན་དམིགས་ཡུལ་ངོ་མ་དེ་རྒྱ་རིགས་དད་ལྡན་ཚོ་ལ་ཆོས་བཤད་པ་དང་ཞབས་བརྟན་རིམ་གྲོ་སྒྲུབ་རྒྱུའི་ཆེད་དུ་བཙུགས་པ་རེད་ཟེར།        དམིགས་ཡུལ་དེ་ངོ་མའི་ཐོག་ལ་སོང་ན་སངས་རྒྱས་ཤཀྱ་མུ་ནིའི་ཆོས་དང་མཐུན་གྱི་མི་འདུག་ཟེར་ནས་ངས་བཤད་མི་ཤེས་ཀྱང་།        ཆོས་ཚོགས་ཚོས་བྱེད་སྒོ་སྤེལ་སྟངས་དང་།        བླ་སྤྲུལ་མཁན་བླ་དགེ་བཤེས་གྲྭ་པ་ཚོའི་མངོན་ལྐོག་གང་སའི་གནས་ཚུལ་ལ་དཔག་ཡོང་དུས།        ཆོས་ཚོགས་དེ་ཚོའི་ཐོག་མའི་དམིགས་ཡུལ་ངོ་མ་ལ་ཐག་རིང་དུ་ཆགས་མི་འགྲོའམ་བསམ་པའི་སེམས་འཚབ་བྱུང་།
ངས་གནས་ཚུལ་དེ་འདྲ་ཞིག་མཐོང་དགོས་བའི་སྒྲུང་ཐུང་འགའ་འོག་ནས་འཆད་རྒྱུ་ཡིན།རྒྱ་མོ་ཞིག་གིས་ང་རང་ལ་བཤད་ཡ་ལ་།„སྔོན་མ་ཀུན་བཟང་རིན་པོ་ཆེ་ཟེར་བའི་བླ་མ་ཤ་རྒྱག་པ་གཟུགས་སྟོགས་ཆེན་པོ་རྒྱ་སྐད་དང་རྒྱ་ཡིག་མཁས་པ་ཞིག་གིས་མ་ལེ་ཤ་ཡ་ནས་བོད་ལ་མཆོད་རྟེན་ཆེན་པོ་ཞིག་བཞེངས་དགོས་ཟེར་ནས་མ་ལེ་ཤ་ཡའི་དངུལ་འབུམ་བརྒྱ་ལྷག་བསྡུས་ནས་མཐའ་མ་གར་སོང་མེད་པ་བརླགས་སོང་„ཟེར་།  ཡང་རྒྱ་གཞན་ཞིག་གིས་„བླ་མ་ཞིག་གིས་རྒྱ་གར་ལ་གནས་སྐོར་ལ་འགྲོ་ན་ངའི་མཉམ་དུ་འགྲོ་དང་།        རྒྱ་གར་ནས་རླངས་འཁོར་བརྡ་གླ་དང་།     མགྲོན་ཁང་གི་གླ་ཆ་སོགས་ལ།        ང་རྒྱུས་ཡོད་བྱ་ན་རིན་གོང་ཁེ་པོ་རག་གི་རེད་ཟེར། „ངས་ཁོང་ལ་རྒྱ་གར་ལ་ཐེངས་གཅིག་འགྲོ་ན་དངུལ་ག་ཚོད་དགོས་མིན་སྐད་ཆ་དྲིས་པས་བླ་མ་དེས་མ་ལེ་ཤ་ཡའི་དངུལ་སྟོང་བདུན་གྱིས་འདང་གི་རེད་དེ་ང་ལ་གནང་དང„་།        ངས་རྒྱ་གར་ལ་རྒྱ་རིགས་ཚོགས་པ་ཞིག་ཁྲིད་ཀྱི་ཡོད་པས་ཁོང་ཚོ་དང་གོང་ཚད་གཅིག་པ་བྱ་ནས་ཁྲིད་ཆོག་ཟེར་།        སྐབས་དེར་ང་རང་དངུལ་གྱི་དཀའ་ངལ་ཡོད་པས་ཁོང་གི་མཉམ་དུ་ཕྱིན་ཐུབ་མ་སོང་།        རྗེས་ནས་ངའི་གྲོགས་མོ་གཉིས་རྒྱ་གར་ལ་གནས་སྐོར་ཕྱིན་འདུག
ཁོང་གཉིས་མ་ལེ་ཤ་ཡའི་སྒོར་སྟོང་བཞི་དང་ཕྱེད་ཀས་རྒྱ་གར་གྱི་གནས་སྐོར་ཚང་མ་སྐོར་ནས་ཚུལ་བསླེབས་སོང་།        དེ་དུས་ངས་སྔོན་མ་བླ་མ་དེས་ང་རང་མགོ་སྐོར་བཏང་བ་གཞི་ནས་ཤེས་སོང་„ཟེར་།
ཡང་དེས་མུ་མཐུད་ནས་བཤད་དོན་ལ། „ངོ་ཤེས་པ་མཁན་བླ་དགེ་བཤེས་སྤྲུལ་སྐུ་ཚོས་ཆོས་ཀྱི་འདུ་ཚོགས་རེ་ཡོད་དུས་རྒྱ་གཞན་ལ་ཁྱབ་བསྒྲགས་བྱ་རོགས་ལབ་ཀྱི་འདུག་ངས་ཁྱབ་བསྒྲགས་བྱ་དུས་རྒྱ་རིགས་ཚོས་ཞལ་འདེབས་སློང་བ་རེད་དམ་ཆོས་འཚོགས་པ་རེད་ང་ལ་དུས་ཚོད་མེད་„ཟེར་ནས་བཤད་ཡོང་གི་འདུག་ང་ལ་ཐབས་ཤེས་མི་འདུག་ཟེར།
ཧོང་ཀོང་ནས་ཡོང་བའི་བླ་མ་ཞིག་གིས་„འདི་ཕྱོགས་ནས་སྐུ་འགྱེད་ལ་ཤོག་ཁུག་དམར་པོའི་ནང་དུ་གཅིག་ལོ་རེ་བླུགས་པ་ཡག་པོ་རེད་ཧོང་ཀོང་ནས་ཡིག་ཁུག་དམར་པོ་སྟོང་པ་མང་པོ་སྤྲད་ཀྱི་རེད„་ཟེར།
ཨེ་དྷུ་ནི་ཤ་ཡ་ནས་ཡོང་བའི་བླ་མ་ཞིག་གིས་ང་ལ་„དེང་སང་ཡིག་ཁུག་རྫིག་ཏུ་རྫིག་ཏུ་དངུལ་ཉུང་དུ་ཉུང་དུ་རེད་„ཟེར་།
མིང་སྨྲོས་འདོད་མེད་པའི་གྲྭ་པ་ཞིག་གིས་ང་ཚོ་„ལོ་འདིར་བླ་གྲྭ་དགུ་ལོ་གསར་མཉམ་དུ་བཏང་པས་ཨ་རག་ཤོག་སྒམ་བདུན་རྫོགས་ཐལ་„ཟེར།
ངས་ཁོ་ལ་„རབ་བྱུང་གི་མིང་ཁུར་གྱོན་པ་དམར་སེར་གྱོན་ནས་ཨ་རག་འཐུང་བ་དེ་རྫབ་ཆེན་རེད་དྭ„་བཤད་པས་ཁོས་ང་ཚོ་ཕྱི་རྒྱལ་ལ་འགྲོ་མཁན་ཚོ་གཞང་ཁང་ལ་འགྲོ་གི་རེད་ལ་„ཐ་མག་ནག་པོ་འཐེན་མཁན་ཡང་ཡོད་„རེད་ཟེར་ནས་མིང་འདོན་འགའ་ཤས་ཡང་བྱས་སོང་ཨ་རག་དང་ཐ་མག་ནི་རྒྱུན་ལྡན་རེད་ཟེར་།
ཡང་མིང་སྨྲོས་འདོད་མེད་པའི་གཞན་ཞིག་གིས་བརྗོད་ན།སེངྒ་པུར་ལ་ཡོད་པའི་རིས་མེད་ཆོས་ཚོགས་སྤྱིན་བདག་གིས་ཟེར་„ན་དངོས་གནས་རྒྱལ་ཁབ་འདི་ཡི་ནང་དུ་ཆེས་སྙིང་རྗེ་སྐྱེ་སའི་ཡུལ་ཞིག་ཡོད་པ་ནི་གར་འགྲོ་འདི་འདུག་མེད་པའི་གྲྭ་པ་ཚོ་དང་།གཞང་ཚོང་མ་ཚོ་རེད་འདུག„
ངས་གཞང་ཁང་གཅིག་དང་།ཆོས་ལུགས་རིས་མེད་ཀྱི་གྲྭ་པ་འཁྱམ་པོ་ཚོ་འདུག་སའི་ཆོགས་ཚོགས་ཤིག་གི་ཁང་གླ་སྤྲད་ཐུབ་པ་ནི་ངའི་མི་ཚེའི་ནང་གི་དགེ་རྩ་ངོ་མ་དེ་ཡིན་„ཟེར་གྱི་འདུག་ཟེར་།
རིས་མེད་ཆོས་ཚོགས་ཀྱི་སྤྱིན་བདག་དེས་ལོ་རེ་ལ་ཚྭ་ཚྭ་ཐེངས་རེ་བཞེངས་དུས་ཁོང་གིས་སྦྱིན་བདག་བྱ་སའི་གཞང་ཚོང་མ་དང་གྲྭ་པ་ཚོ་ཚྭ་ཚྭ་མཉམ་དུ་བཞེངས་བཅུག་གི་རེད་ཟེར།
ཡང་རྒྱ་རིགས་གཞན་ཞིག་གིས་ང་ལ་བརྗོད་དོན་ལ་„ཆོས་ཚོགས་ཚོས་ཆོས་གཏན་ནས་མི་བསླབ་པར་རྒྱུན་དུ་འཚོགས་པ་རྐྱང་འཚོགས་ནས་ང་ཚོ་ལ་གང་ཡང་ཕན་གྱི་མི་འདུག
ང་ཚོས་ཉུང་མཐར་འདོན་པ་གང་བཏོན་པ་འདིའི་གོ་དོན་ཡང་གཏན་ནས་ཤེས་ཀྱི་མེད།བོད་སྐད་ཀྱི་སྒྲ་ཞིག་སྐྱོར་བ་ཙམ་ལས་ང་ཚོ་ལ་གང་ཡང་ཕན་གྱི་མི་འདུག
ཆོས་ཚོགས་ནང་དུ་ནང་ཆོས་ངོ་སྤྲོད་བྱ་ན་ང་ཚོ་ལ་ཡང་ཕན་ཐོགས་ས་རེད།ཆོས་ཚོགས་ནང་དུ་འདོན་པ་སྐྱོར་བ་འདི་ལུགས་སྲོལ་འདྲ་ཞིག་ཆགས་སོང་བ་ལས་ང་ཚོ་ལ་ཕན་ཐོགས་གང་ཡང་མི་འདུག་„ཟེར།
ངས་མིག་མདུན་ལ་དངོས་སུ་མཐོང་བ་ཞིག་སེངྒ་པུར་ནས་ས་ག་ག་ཟླ་བའི་ཚེས་མགོར་སྟོན་པའི་འཁྲུངས་སྐར་ཉིན་མོ་ཆོས་ཚོགས་གྲ་རྒྱས་ཤིག་གི་ཐོག་ཏུ་ང་རང་ཕྱིན་པ་ཡིན།ཆོས་ཚོགས་དེའི་ལོགས་གཅིག་ལ་མཁན་བླ་དགེ་བཤེས་སྤྲུལ་སྐུ་སུ་ཡིན་མ་ཤེས་མོད་གང་ལྟར་སྟོད་འགག་སེར་པོ་ཅན་ཞིག་གིས་རྒྱ་རིགས་མང་པོ་བཀའ་སློབ་གནང་གི་འདུག་        ལོགས་གཅིག་ལ་སྟོན་པའི་སྐུ་དང་།        འོད་དཔག་གི་སྐུ། གཏེར་བུམ།     དར་ལྕོག        རྡོ་རྗེ། དྲིལ་བུ་མ་ཎི་ལག་འཁོར་སོགས་མཆོད་པའི་རྟེན་རྫས་གཙོ་བོར་བྱས་པའི་ཚོང་གི་ཁྲོམ་ར་ཆེན་པོ་ཞིག་བཀོད་འདུག་བཤད་ཚུལ་ལྟར་ན་ཁྲོམ་ར་དེ་ཉིན་གསུམ་ལ་ཡོད་རེད་ཟེར།
ད་དུང་ཆོས་ཚོགས་གཞན་ལ་ཡང་འཁྲུང་སྐར་ཉིན་མོ་རྟེན་རྫས་ཀྱི་ཁྲོམ་ར་ཡོད་རེད་ཟེར་ཡང་ང་རང་བསླེབས་མ་སོང་། དྲྭ་གྲོགས་ཚོ་ངས་གོང་ནས་བཤད་པའི་སྐད་ཆ་དུམ་མཚམས་ཁ་ཤས་ཁོང་ཚོས་ང་ལ་བཤད་པ་རེད། དུམ་མཚམས་འགའ་ཤས་ངས་དངོས་སུ་མཐོང་བ་རེད།
གསེར་ཞུན་མ་འདྲ་བའི་ནང་བསྟན་ཆོས་ལུགས་དེ་དེང་སང་ས་མཚམས་གང་ཞིག་ལ་བསྐྱལ་འདུག་བསྐྱལ་མཁན་ངོ་མ་དེ་སུ་རེད་འདུག་བསྐྱལ་སྟངས་གང་འདྲ་བྱ་ནས་བསྐྱལ་གྱི་འདུག
གནས་ཚུལ་འདི་ཚོའི་ཐོག་ལ་ནང་བསྟན་ཆོས་ལུགས་ལ་སེམས་ཁུར་དང་ཤ་ཚ་ཡོད་མཁན་ཚོས་སྟོན་པ་ཤཀྱ་ཐུབ་པའི་ཡིག་ཚང་བསློག་ནས་ཁོང་ཚོ་ལ་ཉེས་ཆད་གང་འདྲ་བབ་ཡོད་མེད་དང་།
བསྟན་པ་ལ་དག་ཐེར་གང་འདྲ་གཏོང་དགོས་མིན་ཐོག་ལ་དཔྱོད་ལྡན་རིགས་པ་འཛིན་པ་རྣམས་ཀྱིས་ཞུ་གཏུགས་དང་བགྲ་གླེང་གནང་རོགས།