ཁ་ཚ་དགོས་གཏུག་ཏུ་གྱུར་པའི་ཐ་སྙད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༥ ཕྱི་ལོ་ ༢༠༡༢/༧/༡༨
བོད་ཕྱི་ནང་གཉིས་སུ་ཐ་སྙད་གསར་བཟོ་དགོས་པ་མང་པོ་ཞིག་ཡོད་ལ། ཐ་སྙད་ཁག་ཅིག་གསར་བཟོ་བྱེད་མ་ཐུབ་ན་བོད་སྐད་ཀྱིས་སྤྱི་ཚོགས་ལ་དགོས་མཁོ་སྐོང་མི་ཐུབ་པ་དང། བོད་ཡིག་དང་སྤྱི་ཚོགས་གཉིས་བར་ཐག་རིང་དུ་འགྲོ་བའི་ཉེན་ཁར་ཐུག་ཡོད།
དེར་བརྟེན་བོད་ཕྱི་ནང་གཉིས་ནས་དེའི་སྐོར་ལ་འབད་བརྩོན་སྣ་མང་བྱས་ཡོད་ལ། གྲུབ་འབྲས་ཀྱང་གང་འཚམས་ཐོན་ཡོད། ཐ་སྙད་གསར་བཟོ་བྱས་པ་རྣམས་བེད་སྤྱོད་ཀྱི་ཁོར་ཡུག་ལ་མཚོན་ན་བོད་ནང་དུ་རྒྱ་ཆེ་བ་མ་ཟད། དོ་སྣང་དང་ཤུགས་རྐྱེན་ཡང་ཆེ་བ་ཡོད། བཙན་བྱོལ་ནང་ཚིག་གསར་པ་མང་པོ་ཞིག་བཟོས་ཡོད་ཀྱང། དེ་བེད་སྤྱོད་བྱེད་མཁན་ཧ་ཅང་དཀོན་ལ། ཐ་སྙད་གསར་བཟོ་ཙམ་ལས་བེད་སྤྱོད་གཏོང་ཐབས་ལ་བརྩོན་མཁན་དེ་བས་ཀྱང་དཀོན།
ཐ་སྙད་གསར་པ་འདོགས་པའི་སྐབས་སུ་ཡིན་གཅིག་མིན་གཅིག་མཁས་པ་འབའ་ཞིག་གིས་འདོགས་དགོས་པ་ཞིག་ཀྱང་ཡིན་མི་སྲིད་ལ། བཅའ་ལག་དེ་བེད་སྤྱོད་ཀྱི་ཁོར་ཡུག་བརྒྱུད་ནས་རང་བཞིན་གྱིས་མིང་གསར་པ་རེ་ཆགས་ཡོང་བ་ལྟ་བུའང་ཡོད། དཔེར་ན་སྔོན་མ་Motorcycle ལ་སྦག་སྦག་ཟེར་ཞིང། བོད་པས་མིང་དེ་སྐད་ཀྱི་སྒྲ་ལ་བརྟེན་ནས་ཐོགས་པ་ཞིག་ཡིན་པ་དང། བོད་ཀྱི་ས་ཕྱོགས་མང་པོ་ལ་མིང་དེ་ཁྱབ་བརྡལ་དུ་སོང་ཟིན། བོད་ནང་དུ་དེང་སྐབས་གསར་དུ་འཕྲུལ་རྟ་ཞེས་བེད་སྤྱོད་བྱེད་བཞིན་ཡོད་ལ། རང་བཞིན་གྱིས་དར་ཁྱབ་ཡང་འགྲོ་བཞིན་ཡོད་མོད། འདི་ལྟ་བུ་ལ་སྦག་སྦག་ཅེས་རང་འཇགས་བཞག་ཀྱང་བོད་རང་གི་ཐ་སྙད་ཀྱི་འགྲོས་དང་མཐུན་པའི་མིང་ཞིག་ཡོད་པས་ཁྱད་པར་ཆེར་མེད་ལ། དེ་བཞིན་བཙན་བྱོལ་ནང་དབྱིན་ཇི་ཨིན་ཇི་ལ་བསྒྱུར་ནས་དགེ་མཚན་དམིགས་བསལ་མེད་པ་གཅིག་མཚུངས་ཡིན་པས། འདིའི་རིགས་ལ་མིང་གསར་བཟོ་དགོས་པར་མ་མཐོང།
གཙོ་ཆེ་བ་ཐ་སྙད་གསར་པ་ག་རེ་བཟོས་ཀྱང་ཁ་ནས་བརྗོད་བདེ་བ་དང། དོན་ལ་གཞོལ་བ། བོད་པ་རང་གི་སྐད་ཡིག་གི་འགྲོས་དང་མཐུན་པ་ཞིག་ཡོང་བར་བསམ་བློ་ངེས་པར་དུ་གཏོང་དགོས། ས་མིང་དང་མིའི་མིང་སྒྲ་སྒྱུར་བྱེད་པའི་སྐབས་བོད་སྐད་ཀྱི་ཐ་སྙད་ནང་མེད་པ་ཞིག་བེད་སྤྱོད་བྱེད་ཐབས་བྱེད་ཀྱི་ཡོད་ཀྱང། སྒྲ་བསྒྱུར་བྱས་པ་ཁ་ཤས་བོད་སྐད་ཐོག་ནང་དོན་ཧ་ཅང་མི་ལེགས་པ་ལྟ་བུ་བྱུང་ཚེ་ངེས་པར་བསམ་བློ་གཏོང་དགོས། དཔེར་ན་རྒྱ་གར་བྱང་ཤར་གྱི་ས་གནས་Shillong ལྟ་བུ་ལ་མཚོན་ན། བོད་ཡིག་གིས་སྒྲ་སྒྱུར་བྱེད་སྐབས་“ཤི་ལོང་”ཞེས་བྲིས་པ་མང་པོ་ཡོད། བོད་སྐད་ནང་སྲོག་ཆད་ནས་ཤི་བ་དང་མིག་ལོང་བ་གཉིས་ཀྱི་བསྡུས་ཚིག་ལྟ་བུ་ཡིན་པས། “ཤིས་ལུང་”ཞེས་བྲིས་ན་བོད་སྐད་ཐོག་ཚིག་དོན་ལེགས་ཤིང། ཕྱི་སྐད་ཀྱི་སྒྲ་གདངས་དང་ཡང་ཉེ་པོ་ཡོད།
གཙོ་ཆེ་ཤོས་ཐ་སྙད་གསར་པ་བཟོ་དགོས་པ་དེ་ཡིན་ཡང། དེ་དར་ཁྱབ་ཏུ་གཏོང་མ་ཐུབ་ན་དོན་མེད་ཀྱི་དཀའ་ལས་ལྟ་བུ་ལས་ཕན་ཐོགས་གང་ཡང་མེད། བོད་ནང་ལ་མཚོན་ན་ཐ་སྙད་གསར་པ་བཟོ་མཁན་གྱི་སྒྲིག་འཛུགས་དེ་འདྲ་འདུག་པ་དང། དེ་ལ་རམ་འདེགས་བྱེད་མཁན་ས་གནས་སོ་སོ་རུ་ཡོད་པས། མི་མང་ནང་སྐུལ་སློང་གི་ནུས་པ་ཤུགས་ཆེན་པོ་ཡོད་པ་མ་ཟད། ལོ་ན་རྒན་པའི་བགྲེས་སོང་དག་གིས་ཀྱང་ངག་གོམས་སུ་གྱུར་པའི་རྒྱ་སྐད་ཀྱི་ཐ་སྙད་དག་གཡུགས་ནས་བོད་སྐད་ཀྱི་ཐ་སྙད་གསར་པ་དག་ལ་གོམས་འདྲིས་ཡོང་ཐབས་བྱེད་ཀྱི་ཡོད། ད་དུང་བོད་མི་རེ་ཟུང་འཛོམས་སར་སྦྲགས་སྐད་ཅེས་བོད་སྐད་ལ་སྐད་ཡིག་གཞན་བསྲེས་ན་དངུལ་ཆད་གཅོད་པའི་ལུགས་སྲོལ་དར་ཡོད་ལ། རྒན་གཞོན་ཚང་མས་དང་ལེན་ཡང་བྱེད་བཞིན་ཡོད་འདུག
བཙན་བྱོལ་ནང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཐ་སྙད་གསར་པ་མང་པོ་ཞིག་བཟོ་ཐབས་བྱས་ཡོད་ཀྱང། དེ་དག་སྤྱི་ཚོགས་ནང་ཁྱབ་བརྡལ་དུ་འགྲོ་བར་ནུས་པ་གང་ཡང་བཏོན་མེད། དེར་བརྟེན་བཟོས་པ་ཙམ་ལས་སྤྱི་ཚོགས་ནང་ཤུགས་རྐྱེན་ཐེབས་མེད་ཅེས་བརྗོད་ཀྱང་ཆོག། དེ་བཞིན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་བོད་སྐད་གཙང་མ་རྒྱག་མ་ཤེས་ན་དེ་ངོ་ཚ་ཞིག་ཏུ་བརྩི་རྒྱུའི་ལྟ་ཚུལ་ཡོད་མཁན་དཀོན་ལ། དེ་བས་སྦྲགས་སྐད་རྒྱག་མ་ཤེས་ན་ངོ་ཚར་འཛིན་མཁན་ཡང་མང་པོ་ཡོད། དེར་བརྟེན་དབྱིན་ཧིན་གྱི་སྐད་ཡིག་གང་ཡང་མི་ཤེས་ཀྱང་སྦྲགས་སྐད་རྒྱག་མཁན་མང་པོ་མཐོང་རྒྱུ་ཡོད། དེར་བརྟེན་ཕ་སྐད་གཙང་མ་ཞིག་ཡོང་བར་རང་དབང་ལུང་པར་ཡོད་པའི་བཙན་བྱོལ་བོད་མི་ཚོ་ལས་བོད་ནང་གི་བོད་མི་ཚོ་ལ་རེ་བ་ཆེན་པོ་ཡོད་པ་རེད།
བོད་ནས་ཐ་སྙད་གསར་པ་བཟོས་པ་དང། བཙན་བྱོལ་ནས་བཟོས་པ་གཉིས་ལ་གཞི་འཛིན་སའི་སྐད་ཡིག་དང་ཁོར་ཡུག་གི་རྒྱབ་ལྗོངས་ཐོག་ནས་མི་འདྲ་བ་ཡོད་པ་མ་ཟད། གཙོ་ཆེ་ཤོས་ཆབ་སྲིད་རྒྱབ་ལྗོངས་ཐོག་ནས་བཤད་ན་བོད་ནང་དུ་སྒྱུར་ཆོག་དང་མི་ཆོག་གི་དཀའ་ངལ་ཆེན་པོ་ཡོད་པ་དང། སྒྱུར་ཆོག་ཀྱང་གཞུང་གིས་གཏན་འབེབས་ལས་བརྒལ་མི་ཆོག་པའི་དཀའ་ངལ་ཡང་ཡོད། བཙན་བྱོལ་ནང་དེ་འདྲའི་དཀའ་ངལ་མེད་ཀྱང་གཅིག་གིས་གཅིག་ལ་བརྩི་འཇོག་གི་གོམས་གཤིས་ཞན་པས་གཅིག་གིས་བཟོས་པ་གཞན་གྱིས་ཁས་མི་ལེན་པ་དང། གཅིག་གྱུར་ཡོང་ཐབས་ལ་འབད་བརྩོན་མི་བྱེད་པས། ཐ་སྙད་གསར་བཟོ་དང། གཅིག་གྱུར། ཁྱབ་སྤེལ། བེད་སྤྱོད་བཅས་ཀྱི་ཐོག་ལ་བོད་ནང་དུ་མིག་དཔེ་བལྟ་དགོས་པ་གལ་ཆེན་པོར་གྱུར་ཡོད།།