བསྟན་པ་འཛིན་དྲན་ན་ཐོབ་ཐང་མ་རྩོད།
དེང་སང་བོན་ཆོས་གཉིས་ཀས་ནང་གི་ཉམས་ལེན་མེད། ཕྱིའི་སྤྱོད་པ་མེད་ནས་ཞབའ་འདྲེན་བཞག་བཞིན་པ་རེད། གནའ་བོའི་དུས་སུ་ཆོས་བོན་གཉིས་ལ་གྲུབ་པ་ཐོབ་པའི་སྐྱེས་བུ་ཚད་ལྡན་ཡོད་ཀྱང་། དེང་སང་མེད་པ་དང་། གནའ་བོའི་ཆོས་བརྒྱུད་ཀྱི་བདག་པོ་ཟེར་དུས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཚད་ལྡན་ཞིག་ལ་འཁོར་སློབ་མ་མང་པོ་ཚོགས། དེ་དག་གི་སློབ་བརྒྱུད་ཚད་ལྡན་དག་གི་རྗེས་སུ་འཇུག་པའི་གང་ཟག་ཕོན་ཆེན་པོ་འབྱུང་བ་ལ་བརྟེན་ནས་ཆོས་བརྒྱུད་ཆེན་པོ་དག་བྱུང་བ་རེད།
ཆོས་བརྒྱུད་ཀྱི་བླ་མའི་མིང་འཁུར་བཞིན་འོག་ནས་བསམ་བློ་འདྲ་མིན་གྱིས་འཆོལ་རྙོག་བྱས་པ་ཡང་བྱུང་མྱོང་མོད། ཆོས་བརྒྱུད་ཀྱི་དབུ་ན་བཞུགས་པ་ཚོར་ཉེས་པ་མེད་མཁན་རྐྱང་རྐྱང་རེད། ཆོས་བརྒྱུད་ཆགས་པ་ལ་ཐོབ་ཐང་རྩོད་མ་དགོས་པར་མི་སེར་གྱིས་དང་ལེན་བྱས་སོང་བ་རེད།
དེང་སང་ནི་ཆོས་བརྒྱུད་ཆགས་པ་ལ་ཐོབ་ཐང་རྩོད། ལོ་རྒྱུས་གསར་བ་བཟོ་བ་སོགས་འདྲ་མིན་སྣ་ཚོགས་ཤིག་བྱེད་བཞིན་འདུག་མོད། ངས་ནི་དེ་དག་ནོར་བ་འབའ་ཞིག་ཏུ་མཐོང་། ཁྱེད་ཅག་ཆོས་བརྒྱུད་གཙང་མ་ཞིག་དང་། ཕུན་སུམ་ཚོགས་པ་ཞིག་བྱ་འདོད་ན་རང་རང་གི་ཕྱག་སྲོལ་དང་། མན་ངག ལུང་བརྒྱུད་དག་ཡང་དག་པར་འཛིན་ཏེ། རང་ས་འཛིན་ཐུབ་སོང་ན། ནམ་ཞིག་ན་སློབ་བརྒྱུད་མ་འོངས་ཟེར་ན་ཡང་བསླེབ་ཡོང་ངེས་རེད། དེ་མིན་ཆབ་སྲིད་པའི་ཐོབ་ཐང་རྩོད་པ་ནང་བཞིན་ཡོད་ཚད་རྩོད་འདུག་ན། ཆོས་ཀྱི་བྲོ་བ་ཉམས་ཤིང་། འཇིག་རྟེན་པ་ཚོས་བརྙས་བཅོས་བྱ་བའི་ཡུལ་དུ་འགྱུར་བ་ལས། ཕན་ཐོགས་སྐར་གང་ཡོད་པར་མ་མཐོང་ངོ། །
ཐོབ་ཐང་རྩོད་ན་གནས་ལུགས་ཡོད་མེད་གང་ལྟར་ཡང་། ཆོས་པའི་གྱོང་རག་རྒྱུ་ཉག་གཅིག་རེད། ངས་དེ་སྔོན་དཔལ་སྤྲུལ་སྔོན་འགྲོ་ཁ་ཚང་མི་ཚང་ཐེངས་ལྔ་ལ་བལྟས་པས། མི་ལོ་སོ་གསུམ་ལྷག་ལ་མ་བསླེབ་པར། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་སྦུབས་ཁ་རང་གིས་ལེན། །མཐོ་ན་དགའ་སྟེ་དམའ་ན་རླིང་། །དམན་ས་གོང་མའི་གདན་ས་ཡིན། །ཞེས་པའི་བཀའ་གདམ་པའི་དགེ་བའི་བཤེས་གཉེན་ཚོའི་ཞལ་གདམ་དེ་ཉིད་ཉམས་ལེན་བྱས་ཏེ་བསླེབ་པ་ཡིན། གཞན་ལ་གནོད་པའི་ལས་དང་། བྱ་བ་སྤང་གང་ཐུབ་ལ་འབད་པས། གང་ཟག་ཆེན་པོ་འགའ་ཞིག་ལས་གཞན་མཆོག་དམན་བར་གསུམ་ཀུན་གྱི་ཡིད་དུ་འོང་བ་ཞིག་ཏུ་གྱུར་མོད།
དེའི་རྗེས་སུ་དགེ་འདུན་པའི་ཁྲིམས་དང་། ཆོས་པའི་ཐོབ་ཐང་། དོན་དང་མིན་མིན་དབྱེ་འབྱེད་ཀྱི་བྱ་བར་འདྲེས་མར་སྤྱོད་པས་གཞན་དག་གིས་ཡིད་དུ་འོང་མི་འོང་གཉིས་སུ་ཆགས་སོང་། ད་ལྟ་ནང་སེམས་ཀྱི་གནས་སྟངས་ལ་བསམ་བློ་བཏང་བ་ཡིན་ན། ཉམས་ལེན་གང་ཡང་མེད་པའི་ལུང་མ་བསྟན་གྱི་ངང་དུ་གནས་ཡོད་མོད། ངན་པའི་ཐུ་འོག་ཏུ་འཇུག་མི་འདོད་པ་དེ་དུས་ནམ་ཡང་ཡོད།