《ཐེ་ཀོར་གྱི་སྙན་ངག འགྱུར་མ》

མི་ཕྱེད་པའི་སྙིམ་པ། ༡ ཐེ་ཀོར།

རབ་བྱེད་དང་པོ།
ཁྱེད་ཀྱིས་ངོས་རང་གཞི་ནས་ཞི་བར་བཀོད། །
ཁྱེད་ནི་ལས་སུ་བྱ་བ་འདི་ལ་མཉེས། །
ཕྱི་ཕྱིར་བྲི་བར་བྱེད་ཅིང་གང་བར་བྱེད། །
ཕྱི་ཕྱིར་གསར་པ་གསར་པའི་ཚེ་སྲོག་སྟེར། །

སོར་རྩེས་གླིང་བུ་བསྒྱུར་པའི་ག་ལ་བར། །
གཏན་དུ་རྙིང་པ་མེད་པའི་ང་རོ་ནི། །
གྲངས་མང་རི་བོའི་སྐེད་དང་ཆུ་ཀླུང་ངོགས། །
བྲག་ཅར་འཁོར་ཞིང་འཁོར་ཞིང་འགྲོ་བ་ཡོད། །

ཁྱེད་ཀྱི་ཕྱག་རྒྱའི་སྣང་བ་ཕོག་པ་ཡིས། །
གུས་པོའི་སྙིང་ལ་སྐྱིད་པ་དཔག་མེད་བྱུང་། །
ངག་རྣམས་ཇི་ལྟ་ཇི་ལྟར་དིག་པ་བཞིན། །
སླད་ཀྱང་དེ་ལྟ་དེ་ལྟར་བརྡོལ་བར་གྱུར། །

ཁྱེད་ནས་བྱུང་བའི་གཏོང་བ་སྣ་ཚོགས་ཀྱིས། །
གུས་པོའི་ཁྱོར་བ་འབའ་ཞིག་བཀྲ་བར་བྱས། །
གང་དུ་དུས་དང་གནས་སྐབས་ཡོལ་ནའང་།
ཁྱེད་ཀྱི་གནང་སྦྱིན་ཟད་པ་མ་མཆིས་ཤིང་། །
ཇི་སྲིད་ཁྱེད་ཀྱི་གཏོང་བ་མཆིས་པའི་བར། །
དེ་སྲིད་བདག་ཀྱང་ཁྱོར་བ་བཏེགས་ཏེ་བཅར། །

རབ་བྱེད་གཉིས་པ།
ནམ་ཞིག་མཆོག་གིས་ངོས་ལ་གཞས་ཐོང་གསུངས། །
ངོས་ནི་རྒྱུ་མཚན་མེད་པར་གུས་ཤིང་འཚབས། །
ངང་གིས་མཆི་མ་འཁྲིགས་ཤིང་བ་སྤུ་གཡོས། །
ངང་གིས་སྣང་བ་འགྱུར་ཞིང་སེམས་ངོ་འཕྲོད། །
རིམ་པས་མགོ་བོ་བཏེགས་པས་ཞལ་ཁྱིམ་མཇལ།།
ཨེ་མ་འདི་ཚོད་བརླིང་ཞིང་འདི་ཚོད་དད། །

བདག་ལས་བྱུང་བའི་སྤབས་དང་དྲི་མ་སོགས། །
བདག་གི་འཁྲིས་ཀྱི་རྨོངས་དང་འགལ་འདུ་སོགས། །
ཞི་བའི་དབྱངས་ཀྱི་ངོ་བོར་གྱུར་ནས་ནི། །
དགེ་བའི་གདངས་ཀྱི་བྱེད་པར་སོང་ནས་ནི། །
བླ་མེད་མཆོད་སྤྲིན་དེ་སྙེད་འདི་སྙེད་གང་། །
འདབ་ཆགས་སྣ་ཚོགས་མཁའ་ལ་ལྡིང་འདྲར་ཤེས། །

གཞས་ཀྱི་ཁྲོད་ནས་ཁྱེད་ཀྱིས་རྗེས་སུ་བཟུང་། །
གཞས་ཀྱི་ཁྲོད་དུ་ཁྱེད་དང་ཉེ་བར་བཅར། །

གཞས་ཀྱི་ཁྲོད་ནས་ཁྱེད་ཀྱི་རེག་བྱ་རྙེད། །
དེ་ནི་ངོས་ཀྱི་བདེ་བ་འབའ་ཞིག་ལགས། །
གུས་པོ་གཞས་ཀྱིས་ར་རོར་གྱུར་པའི་ཚེ། །
འཕགས་པ་ཁྱེད་ལ༼ཁོ་རེ༽ཞེས་ཀྱང་བོས། །

རབ་བྱེད་གསུམ་པ།
འདྲེན་པ་ཁྱེད་ཀྱི་གཞས་ལ་སེམས་སོང་སྟེ། །
བདག་ནི་མི་ཕྱེད་ཡིད་ཀྱིས་རྣ་བ་གཏོད། །
ཚངས་པའི་འབྲུ་དག་གཅིག་ཏུ་ཤེས་འདོད་ཀྱིས། །
ཕྱི་ཕྱིར་སྒུག་བཟོད་མེད་པའི་བློ་སྣ་འཛིངས། །

ངག་གི་སྣང་བ་འདི་འདྲ་ཨེ་མའོ་དགའ། །
ཞིང་རྣམས་རབ་ཏུ་གསལ་ཞིང་གསལ་བར་བྱས། །
ངག་གི་བདུག་སྤོས་འདི་འདྲ་ཨེ་མའོ་འཐད། །
དབྱིངས་རྣམས་མཛེས་ཤིང་ཉམས་དགའ་ཁོ་ན་མཛད། །
གཙང་པོས་རླབས་རིས་ཆིལ་ཆིལ་གཞས་སྒྲ་འཐུ། །
རྡོ་བས་ཆག་རྩེ་སིལ་སིལ་གཞས་སྒྲ་འཐུ། །

ཁྱེད་བཞིན་གླུ་གཞས་གཏོང་བར་ཅི་མི་དགའ།། 
འོན་ཏེ་གཏོལ་མེད་ལས་འདིར་ཅི་ཙུག་བྱེད། །

ག་རེ་ལེན་འདོད་བྲེལ་སྣང་སྐྱེས་པའི་འཕྲོར། །
གང་ཡང་མི་འཁྲོལ་ངོས་ཀྱི་གྲེ་བ་ཨང་། །
བདག་པོའི་ང་རོའི་དྲ་བ་དྲ་ཕྱེད་ཀྱིས། །
བདག་གི་དྲན་པ་འདི་ལྟར་སྦྲིད་པར་བྱས། །

རབ་བྱེད་བཞི་པ།
གང་ཚེ་མགོན་པོ་ཁྱེད་ཀྱིས་ཕྱག་དབང་བསྩལ། །
དེའི་ཚེ་བདག་ནི་ངང་གིས་མགུ་པོ་བྱུང་། །
སྐེ་དང་ཕྲག་པ་མ་ལུས་དྲོད་ཀྱིས་ཟིན། །
ལུས་ཀྱི་ཆ་ཀུན་སྔར་མེད་བདེ་བས་གཏམས། །
འཕགས་པ་ཁྱེད་ལ་གཏོགས་པའི་གུས་ཕྲན་ང་། །
མི་གཙང་གཞན་དང་ནམ་ཡང་ཕྲལ་བར་ཤོག །

དེའི་ཕྱིར་སྔར་གྱི་བག་ཆགས་མ་ལུས་བསྐྲོད། །
སེམས་ཀྱི་ངོགས་ཀུན་གད་བདར་གཙང་མ་བགྱིད། །
ནང་གི་གསར་བརྗེ་རིང་མོ་འདི་ནས་རྩོམ། །
སེམས་ཀྱི་གཞིས་ཆགས་གསར་པ་འདི་ལྟར་བསུ། །
རྒྱུ་མཚན་འདྲི་ན་མགོན་པོ་ཁྱེད་གཅིག་ཙམ། །
བདག་གི་ཧྲིལ་པོར་གནས་འོས་འབའ་ཞིག་གོ །

བར་དུ་གཅོད་པ་ཅི་མཆིས་ལོགས་སུ་འཕུད། །
དེ་ཡི་ཚབ་ཏུ་དང་བ་ཉག་གཅིག་བསྟེན། །
རྒྱུ་མཚན་འདྲི་ན་བརྩེ་བའི་བདག་པོ་དེ། །
གུས་པོའི་ཡིད་མཁར་ཟིལ་གྱིས་ལྷགས་པས་སོ། །

བདག་གིས་བདག་གི་ཆ་ཤས་ཕྲ་མོ་རེར། །
ཁྱེད་ཉིད་ཁྱབ་ཅིང་གནས་པ་མཚོན་སྙིང་འདོད། །
ཅི་སླད་ཅེ་ན་ངོས་ཀྱི་ཡོད་རྒུ་ཅོག །
མགོན་པོ་ཁྱེད་དང་དབྱེ་རུ་མེད་པས་སོ། །

རབ་བྱེད་ལྔ་པ།
ཁྱེད་ཀྱིས་ངོས་ལ་དུས་ཚོད་འཁྱུག་ཙམ་སྩོལ། །
ཁྱེད་དང་མོལ་བའི་དུས་ཚོད་འཁྱུག་ཙམ་སྩོལ། །
གུས་པོའི་དོན་ཆུང་གཞན་དག་གླེང་རན་ཅི། །
འགྲུབ་དང་མ་འགྲུབ་ཅི་ཡང་རུང་བ་ཡིན། །

ལས་ཀ་མང་པོ་མཚོ་ཆུ་ལུད་འདྲ་ཡང་། །
ཁྱེད་ཉིད་འབའ་ཞིག་ཡིད་ལ་གཏོང་མི་བྱེད། །
གང་དང་གྱེས་པས་བདག་བློ་དྭངས་དུབ་མང་། །
མཇལ་སྙིང་དྲག་པོ་རེ་རེས་ཅི་བྱར་གཏོད། །

དེ་རིང་རླུང་གི་ནང་གི་ཚ་བ་ནི། །
སྒོ་དང་དང་སྒེའུ་ཁུང་བརྟོལ་ཏེ་འཛུལ་རྐྱང་བྱེད། །
སྦྲང་མའི་ཁྱུ་ནི་ཤག་ཤག་འཕུར་ཞིང་ནི། །
མཐོ་དམའི་མེ་ཏོག་དག་ཏུ་རང་མོས་འབབ། །

འདི་འདྲ་ཉམས་སུ་ལེན་པའི་སྐལ་བཟང་སྟེ། །
སྐལ་བཟང་འདི་འདྲ་འཕྲོ་ནས་ཅི་ལྟར་རྙེད། །
དེས་ན་མགོན་པོ་ཁྱེད་ཀྱི་མདུན་ས་རུ། །
དང་བའི་རྣམ་འགྱུར་བཅས་ཏེ་འཁོད་པ་དགའ། །
མྱ་ངམ་ཐང་དང་འབྲོག་དགོན་བརྟོལ་ཞིང་དུ། །
ཁྱེད་ལ་ཚེ་སྲོག་ཁུར་བའི་གླུ་གཞས་གཏོང་། །

རབ་བྱེད་དྲུག་པ།
ཕྱག་གིས་མེ་ཏོག་འདི་ལ་རེག་པར་འཚལ། །
ཤངས་ཀྱིས་མེ་ཏོག་འདི་ལ་བསྣོམ་པར་འཚལ། །
གང་བུ་ཐོན་ཞིང་བསུང་ངད་འཆོར་བ་འདི། །
དུས་ཀྱིས་འབྲུལ་བར་བྱས་ན་ཅང་བཟོད་དམ། །
མྱུར་དུ་འཐུ་གྲབས་ཀྱིས་དང་འདྲེན་པ་ཀྱེ། །
ད་ལྟར་འདབ་མས་སྒུལ་དང་བདག་པོ་ལགས། །

ཁྱེད་ཀྱི་མེ་ཏོག་བཀོད་པའི་བར་ཁྱམས་ན། །
མེ་ཏོག་རྣམས་ཀྱི་དྭངས་རྩེ་ག་ཚོད་མེད། །
དེ་ལྟ་ནའང་གུས་པོའི་མེ་ཏོག་འདི། །
མཐེབ་སྲིན་བར་སོགས་ངང་ཙམ་གཟུང་བར་ཞུ། །
མྱུར་དུ་ཡུ་བ་ཆོད་དང་མགོན་པོ་ཀྱེ། །
ད་ལྟར་ཕྱག་མཐིལ་ལོངས་དང་འཕགས་པ་ལགས། །

ད་ལྟར་མཚན་མོ་བསླེབ་ན་ཅི་ཞིག་བྱ། །
ད་ལྟར་གཉིད་དུ་ལོག་ན་ཅི་ཞིག་བྱ། །
མཆོད་པའི་དུས་ཚིགས་ཡོལ་ན་ཅི་ཞིག་བྱ། །
མཇལ་བའི་སྐལ་བཟང་ཤོར་ན་ཅི་ཞིག་བྱ། །
དེ་བས་ད་ལྟ་ཉིད་དུ་ཡུ་བས་འཐེན། །
ཅིས་ཀྱང་ཟག་རལ་མེད་པར་འཐོག་པར་གྱིས། །

ཆེ་ཞིང་སྒོར་བའི་བོངས་ཚོད་མེད་ན་ཡང་། །
མདོག་དང་དྲི་མ་རན་ཙམ་ཡིན་ན་ཡང་། །
མགོ་ལྕོགས་ལྡེམ་གྱིན་མགོན་པོ་ཁྱེད་ལ་བསྔོ། །
དྲི་ཞིམ་འཐུལ་གྱིན་འཕགས་པ་ཁྱེད་ལ་མཆོད།
དེ་བས་བསྙེལ་བ་མེད་པར་ཡུ་བས་འཐེན། །
ཅིས་ཀྱང་ཕྱི་འགྱངས་མེད་པར་འདབ་མས་སྒུལ། །

རབ་བྱེད་བདུན་པ།
རྒྱན་གྱི་ལོགས་སུ་ཐོན་པ་ང་ཡི་གླུ། །
དར་གྱི་ཡོལ་བའི་ཟུར་ཞིག་སྒྲེན་པོར་འགུལ། །
ཆས་ཀྱི་ཐོགས་སྒྲིབ་ཅི་ཡང་མེད་པའི་ངང་། །
སྙིམ་པ་བཏེགས་ཏེ་ཁྱེད་ཀྱི་མཐའ་ནས་འདུད། །
ཁྱེད་ནི་ཚངས་པར་སྤྱོད་པའི་སྙན་ངག་པ། །
ཁྱེད་ནི་ཁྱབ་པར་འཇུག་པའི་སྙན་ངག་གོ །

ཁྱེད་ཀྱི་དྲུང་ན་གཅེར་བུས་ཉལ་བྱས་ཏེ། །
ཁྱེད་ཀྱི་དྲུང་ན་དད་པའི་དབྱིངས་ཞུགས་སོ། །
གུས་ཕྲན་གླིང་བུར་སྒྱུར་དང་མགོན་པོ་ཀྱེ། །
གླིང་བུར་ཞལ་ཁྱིམ་ལྟོས་དང་བདག་པོ་ཀྱེ། །
བུ་གར་སོར་མོས་ཐུག་དང་ཇོ་བོ་ཀྱེ། །
མི་ཟད་དབྱངས་སྙན་ཐོང་དང་འཕགས་པ་ཀྱེ། །

རབ་བྱེད་བརྒྱད་པ།
རྒྱན་གྱིས་བརྒྱན་པའི་གང་ཟག་མ་ལེགས་ཏེ། །
རྒྱལ་བུ་ནང་བཞིན་གོས་ཚགས་བསྲུང་བར་བྱེད། །
གང་འདོད་ལྡིང་བར་མི་བྱ་བརྒྱུག་མི་བྱ། །
བྱ་རྨྱང་ཚུན་ཆད་དལ་བུ་ཙམ་ཞིག་སྐྱོང་། །

ཤིང་ལ་ཐོགས་ནས་གཤག་གིས་དོགས་པ་དང་། །
ས་དང་རྩྭ་ཡིས་འགོ་ཡིས་དོགས་པ་སྟེ། །
དགྱེ་སྒུར་ཙམ་ཡང་སྲོལ་དང་བཅས་པས་བྱེད། །
རྒྱན་གྱི་འཆིང་བ་འདི་ཙམ་ཐལ་བ་ལགས། །

རྒྱན་གྱི་ཕྱིར་དུ་མི་རྣམས་ཆར་དང་དང་གཡོལ། །
ཚངས་པའི་བྱབས་ཁྲུས་མྱོང་བའི་རང་དབང་ཤོར། །
རྒྱན་གྱིས་གཅུན་པས་མི་ཚོས་ཉི་འོད་སྤོང་། །
གསེར་གྱི་འདམ་བག་མཐོང་ཡང་ཅི་མི་སྙམ། །

ངོས་ནི་ད་ལྟར་རླུང་ནང་འགྲེང་བྱས་ཏེ། །
ཉིད་ཀྱི་དྲི་མ་བསྣོམ་ཞིང་མྱོང་བར་བྱ། །
ས་རྡུལ་དག་དང་རྩྭ་འབྲུ་རྡོག་རེས་ཀྱང་། །
གང་གི་ཆ་ཤས་སོ་སོ་མཚོན་པ་ཤེས། །

རྒྱན་ལས་གྲོལ་བས་ཁྱེད་ཀྱི་ཟབ་ཚད་ཤེས། །
ཡབ་ཆེན་ནམ་མཁའ་དེ་ཡང་ཁྱེད་ཡིན་ཤེས། །
རྒྱན་ལས་གྲོལ་བས་ཁྱེད་ཀྱི་ཁྱབ་ཚད་རྟོགས། །
ཡུམ་ཆེན་ས་གཞི་དེ་ཡང་ཁྱེད་ཡིན་རྟོགས། །

རབ་བྱེད་དགུ་པ།
རང་གིས་རང་ཉིད་པང་བ་མི་སྲིད་ཅིང་། །
རང་གིས་རང་ལ་སློང་མོ་ཅི་ལྟར་བྱེད། །
འདུན་པ་ཡོད་ཚད་སྙིམ་པའི་ཁྲོད་དུ་སྟེ། །
དེ་ལ་མནལ་ལམ་དུ་ཡང་བློ་འཁེལ་གྱིས། །
གཞན་དུ་ཕངས་པའི་ཤུགས་རིང་སུ་ལ་འཐེན། །
གཞན་དུ་འཕྲེང་བའི་ཕྱི་མིག་གང་ལ་འཕེན། །

མི་ཡི་ཁ་རླངས་ཕོག་པའི་དཀར་མེའི་ཚོགས། །
དུ་བའི་ཉག་མ་དང་བཅས་རེང་བར་འགྱུར། །
འདི་ནི་འོས་པ་མིན་པའི་ལས་ཡིན་ཏེ། །
འདི་འདྲ་རྣམ་པ་ཀུན་ཏུ་འདོར་བར་བྱོས། །
ཚངས་པའི་བརྩེ་བ་ལས་ནི་བྱུང་དེ་ཉིད། །
གུས་པོས་སྤྱད་པར་འོས་པ་ཤ་སྟག་ལགས། །
༼སེང་རྡོར་གྱིས་བསྒྱུར༽

མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བལས་དྲངས།

1