གཏམ་བཤད།
དགོན་སྡེ་ཁག་ཏུ་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད།
སྤྱོད་སྦྱོང་སྤེལ་གསུམ། ཕྱི་ལོ་༢༠༡༢/༦/༡༥ ཉིན།
གསལ་བཤད། དྲྭ་སྤུན་ཚོ། འདི་ནི། ཟླ་འདིའི་ཚེས་༡༥ ཉིན་བོད་སྐད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བཞུགས་སྒར་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་ཕྲན་གྱིས་གཏམ་བཤད་སྐུ་མགྲོན་གྱི་མིང་ཐོག་ནས། དགོན་སྡེ་ཁག་གི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བོད་སྐད། ཅེས་པའི་བརྗོད་གཞིའི་ཐོག་དུས་ཡུན་སྐར་མ་༡༠ རིང་གི་གཏམ་བཤད་ཕྱོགས་བསྡུས་བྱས་པ་རེད། འདི་འབྲེལ་གྱི་དགོངས་ཚུལ་དང་ཡོ་བསྲང་གནང་རོགས། ངེས་པར་མཁྱེན་དགོས་པ་ཞིག་ལ། ཁུངས་མི་གསལ་བའི་དྲྭ་འབུ་དང་དྲྭ་འབུའི་གཉེན་ཉེ་ཚང་མ་ཕྱིར་བསྡུ་བྱ་ངེས་ཡིན། ་་་ཧེ་ཧེ་ཧེ་
དང་པོ། སྐད་བེད་སྤྱོད་ཀྱི་སྐོར། སྦྱོང་སྤྱོད་སྤེལ་གསུམ་གྱི་ཁྱབ་ཁོངས་སུ་བསྒྲིལ་ཏེ་བཤད་ན་གོ་བདེ་སྙམ། ད་ལྟ་བོད་སྐད་ཀྱི་འཁོར་རྒྱུག་ཆེ་ཤོས་ནི་གཞི་རིམ་མང་ཚོག་དང་དགོན་སྡེ་ཁག་ཙམ་རེད། དགོན་པའི་འཛིན་སྐྱོང་གི་སྒྲོམ་གཞི། སློབ་ཚན། འཛིན་སྐྱོང་ཡིག་ཆ། སྒོ་བྱང་། ཡོ་ཆས། ཟུར་ཆགས། དངོས་པོ་གསར་པ། དཔལ་འབྱོར་དང་། ཚོང་ལས། ཚན་རིག། འཕྲོད་བསྟེན། ཆབ་སྲིད་ཀྱང་ཚུད་པའི་སྐད་ཆའི་ནང་བོད་སྐད་བརྒྱ་ཆ་མཐོ་པོ་རེད། རྒྱལ་ཁབ་མི་འདྲ་བ་དང་བཟོ་གྲྭ་འདྲ་མིན་ནས་ཡོ་ཆས་ཐོན་གསར་གཅིག་ལས་གཅིག་སྤུས་དག་པ་དང་ལྟ་བཟོ་དོད་པ། རྣམ་གྲངས་མང་བ་དར་འཕེལ་བྱུང་དང་འགྱུར་བཞིན་པ་དེ་དག་དགོས་མཁོ་རང་བཞིན་ལས་མ་འདས་པ་ཡིན་དུས། དེ་འབྲེལ་གྱི་ཐ་སྙད་ཐོག་ནས་དཀའ་ངལ་ཡོད། འོན་ཀྱང་ཁྱད་ཆོས་བརྗོད་པའི་མིང་གི་ཁྱབ་ཁོངས་ཀྱི་ཐ་སྙད་དེ་ཚོར་ཕལ་ཆེར་འགྱུར་བ་འགྲོ་ཁག་པོ་རེད། དངོས་པོའི་ངོ་བོའི་ཆ་ནས་བརྗོད་པ་སྟེ་ཆོས་ཅན་བརྗོད་པའི་མིང་གི་ཁྱབ་ཁོངས་ཀྱི་ཐ་སྙད་དེ་ཚོར་ངེས་པར་གསར་སྣོན་དང་དྲ་རྒྱས་གཏོང་དགོས་པ་ཆགས་ཀྱི་རེད།
གཉིས་པ། སྐད་སྦྱོང་བའི་སྐོར། སྔ་མོ་བོད་ཀྱི་དགོན་སྡེ་ཁག་ཏུ་བོད་སྐད་ཤེས་དང་མི་ཤེས། སྦྱོང་དང་མི་སྦྱོང་སྐོར་གྱི་གནས་ཚུལ་དེ་དེང་སང་ལ་ལྟོས་ན་སྐད་ཆ་ཉུང་ཉུང་རེད། དེང་སང་དགོན་སྡེ་ཁག་གི་ཁོར་ཡུག་ནང་བོད་སྐད་སྦྱོང་དགོས་པ་མང་པོ་ཡོང་གི་ཡོད་པ་རེད། དགོན་པའི་སློབ་གྲྭས་གཙོས་སྒྲིག་འཛུགས། སྒེར་གཉེར་སློབ་ཚུགས་སོགས་ནས་བསླབ་བཞིན་པ་རེད། མདོ་སྔགས་ཀྱི་རིས་མེད་དགོན་སྡེ་ནང་རྒྱུན་ལྡན་སློབ་གཉེར་དང་། སློབ་ཚན་དེ་བོད་སྐད་ཀྱི་ཁྱབ་ཁོངས་དང་། ལྷག་པར་ཆེད་དུ་བོད་སྐད་སྦྱོང་བའི་ཁྱབ་ཁོངས་ཤིག་མིན་ཡང་། རང་བཞིན་གྱིས་བོད་སྐད་ཡར་རྒྱས་ཀྱི་སྡིངས་ཆ་ཞིག་ཆགས་འགྲོ་ཡི་ཡོད། གུང་ཁྲན་གྱིས་བཙན་བཟུང་མ་བྱས་པའི་གོང་དུ་བོད་སྐད་ལ་སེམས་ཁྲལ་བྱེད་མཁན་ཉུང་ཉུང་རེད། འོན་ཀྱང་དེའི་རྗེས་སུ་རྒྱུ་རྐྱེན་མང་པོ་ཞིག་གིས་དབང་གིས་བོད་སྐད་ཀྱི་ཉེན་ཁའི་སྐོར་བཤད་མཁན་མང་དུ་འགྲོ་ཡི་ཡོད་པ་རེད།
གསུམ་པ། སྐད་སྤེལ་བའི་སྐོར། རིས་མེད་དགོན་སྡེ་ཁག་གི་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་རྒྱུན་སྤྱོད་མ་སྐད་དང་སློབ་ཚན་གྱི་མ་སྐད་གཉིས་ཀྱང་བརྒྱ་ཆ་༩༩ བོད་སྐད་ཡིན་དུས། དེའི་ཐོག་དམིགས་བསལ་ཉེན་ཁ་དང་ཉམས་ཆགས་ནི་ཁོར་ཡུག་གཞན་ལ་ལྟོས་ན་ཆུང་ཆུང་རེད། དེས་དབང་གིས་ཉེན་ཁའི་ཕྱོགས་སུའང་དེ་ཙམ་གྱིས་བསམ་བློ་ཤུགས་ཆེན་པོ་འཁོར་ཐུབ་ཀྱི་མེད། ཕྱོགས་གཅིག་ནས་དགོན་པའི་ནང་བོད་སྐད་ཐོག་དེ་ཙམ་སེམས་ཁྲལ་བྱེད་མི་དགོས་པ་ཡིན་སྲིད་ལ། བློད་དོགས་མི་སྐྱེས་ས་ནས་གནས་ཚུལ་ཆེན་པོ་ལྷག་སྲིད་པས་ཉེན་ཁ་ཆེན་པོ་མིན་པའི་ངེས་པ་མེད། སྤྱི་ཚོགས་གཞན་དུ། གསར་འགོད་པ་དང་འཛིན་སྐྱོང་ལས་རིགས་སོགས་སུ་བོད་རིགས་ལས་བྱེད་ལ་སྐད་གཉིས་སྨྲ་བའི་ཆ་རྐྱེན་ཚང་དགོས་པ་ལྟ་བུའི་ཧ་ཅང་ཚབས་ཆེ་བའི་གནད་དོན་ཡོད་ཀྱང་དགོན་སྡེ་ཁང་ནང་གནས་སྟངས་དེ་ཆུང་ཆུང་ཞིག་རེད། མཐོ་རིམ་མི་སྣས་སྤྱི་ཚོགས་ཧིལ་པོ་སྣེ་འཁྲིད་ཀྱི་ཡོད་ལ། མཐོ་རིམ་པའི་དཔུང་སྡེ་ནང་བོད་སྐད་བོད་ཡིག་ལ་བརྩི་འཇོག་ཇེ་ཞན་ནས་ཇེ་སྡུག་ཏུ་ཕྱིན་པའམ་བོད་སྐད་ཀྱི་ཉེན་ཁ་ལ་བསམ་བློ་མི་འཁོར་བ་འདི་སེམས་ཁྲལ་བྱེད་དགོས་ས་ཞིག་རེད། མི་ལ་བལྟས་ནས་རང་བཅོས་དགོས་པ་ཡིན་དུས། དཔེར་ན། ཨ་མི་རི་ཀ་བྱང་མའི་ནང་སྐད་རིགས་མི་འདྲ་བ་༡༠༠༠ ཙམ་ཡོད་པའི་ལོ་རྒྱུས་ཡོད་ཀྱང་དེང་སང་སྐད་རིགས་བཅུ་གྲངས་ལས་མེད། མཉམ་འབྲེལ་རྒྱལ་ཚོགས་སུ་མི་རིགས་སོ་སོའི་སྐད་ཆ་ཐོ་འགོད་བྱས་པ་༦༩༠༠ ཙམ་ཞིག་ཡོད་ཀྱང་། དུས་རབས་ཤུ་པའི་ནང་རྒྱུན་ཆད་པའི་སྐད་རིགས་ཀྱི་གྲངས་འབོར་ནི་༢༤༠ ཙམ་ཡིན། དུས་རབས་ཉེར་གཅིག་པའི་ནང་ཉེན་ཁ་མེད་པའི་སྐད་བརྒྱད་ཡོད་པའི་ནང་དུ་བོད་སྐད་ཚུད་མེད། རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་(unesco) ཀྱིས། ཕྱི་ལོ་༢༠༠༩ ལོར་འཛམ་གླིང་གི་སྐད་རིགས་༢༥༡༡ རྒྱུན་ཆད་ཉེན་ཁ་ལྡན་པའི་ཁོངས་སུ་བསྒྲགས་ཡོད། ལོ་༢༥༠ རྗེས་སུ་མི་རྣམས་ཀྱིས་ཨིན་ཇི་དང་། ཧྤ་རན་སི། རྒྱ་ནག སི་ཕེན། ཕོར་ཐུ་གྷལ་གྱི་སྐད་སོགས་ཉུངས་ཤས་ཤིག་ལས་སྐད་གཞན་རྣམས་མི་ཤེས་པར་འགྱུར་ཞེས་ཚོད་དཔག་བྱས། དུས་རབས་འདི་བརྡ་འཕྲིན་དུས་རབས་རེད་ཅེས་པའི་མདོ་བསྡོམས་དེ་སྐད་ཀྱི་འཁོར་རྒྱུག་གི་སྐད་ཆ་ཞིག་མ་གཏོགས། སྐད་འཇིག་པའི་རྒྱུ་རྐྱེན་མང་དུ་འགྲོ་བ་དང་། སྐད་ཆ་ཉུང་དུ་འགྲོ་བཞིན་ཡོད་པ་རེད། ང་ཚོས་ཞིབ་ཚ་པོའི་ཐོ་ནས་དཔལ་འབྱོར་དང་། ཚོང་ལས། ཚན་རིག། འཕྲོད་བསྟེན། འཛིན་སྐྱོང་། ཆབ་སྲིད་བཅས་ཀྱི་ཐད་ནས་བོད་སྐད་ལ་རྒྱབ་སྐྱོར་ཇི་ཙམ་ཡོད་མེད་ཤེས་དགོས། བོད་སྐད་ཀྱིས་གཙོས་པའི་གྲངས་ཉུང་མི་སྣས་སྤྱད་པའི་སྐད་ཆའི་ཉེན་ཁའི་དུས་རབས་ཤིག་རེད།
