མི་བསད་ལག་དམར་སྲོང་བཙན་སྒམ་པོ།

ལྷ་སྲས་དར་མའི་མགོ་ལ་རྭ་ཅོ་བཙུགས།།

སྲོང་བཙན་སྒམ་པོ་ལྷ་ཡི་གྲལ་དུ་བསྐྱལ།།

མི་སྐེ་གཅོད་པའི་ཆོས་ལུགས་བླ་མ་ཡང་།།

དཀོན་མཆོག་ཡིན་པ་ལུང་དང་རིགས་པས་སྒྲུབ།།

བཤད་ཚུལ་འདི་ནི་སྔ་མོའི་དུས་ནས་བྱུང་།།

ལ་དྭགས་དང་།  ག་ཤ   ཁུ་ནུ། པི་ཏི་སོགས་བོད་ཀྱི་ལོ་རྒྱུས་ནང་དུ་མངའ་རིས་སྐོར་གསུམ་ནང་དུ་ཚུད་ཀྱི་ཡོད།འོན་ཀྱང་མི་རིགས་འདི་ཚོ་ནམ་ཞིག་ལ་རྒྱ་གར་འོག་ཏུ་ཆགས་སོང་བའི་ལོ་ཚིག་ཅིག་ཕལ་ཆེར་ལོ་རྒྱུས་ཡིག་ཚགས་གང་ལ་ཡང་མཐོང་རྒྱུ་མེད།

བཤད་ཚུལ་ཞིག་ལ། ལ་དྭགས་པ་ཡུལ་མི་འགས་བརྗོད་ན་ལ་དྭགས་འདི་དང་པོ་སྲིད་པ་ཆགས་ནས་བཟུང་ས་གནས་འདི་རུ་ས་སྐྱེས་རྡོ་སྐྱེས་ཀྱི་མི་རེད།ང་ཚོའི་སྐད་འདི་ཡང་མི་རིགས་འདི་དར་ནས་བཟུང་སྟེ་ཡོད་པ་རེད།བོད་སྐད་འདི་ལ་དྭགས་ཀྱི་སྐད་ལ་ཕར་ཟུར་ཆགས་སོང་བ་རེད་ཟེར་བཤད་མཁན་ཡང་འདུག ལ་དྭགས་ཀྱི་བླ་རྒན་ལོ་ན་བརྒྱད་ཅུ་ལ་ཕྱིན་པ་ཞིག་གིས་ཟེར་ན་ང་ཚོའི་མི་རིགས་འདི་དང་པོ་བོད་པའི་འབྲོག་སྡེ་དེ་འདྲ་རེད།

དེ་ནས་དུས་རབས་འཕོ་འགྱུར་གྱི་ནང་དུ་ག་ལེར་ས་ཞིང་རྨོས་ཤིང་མུ་མཐུད་ནས་བོད་ཀྱི་རྒྱལ་ཕྲན་འདྲ་བོ་ཞིག་ཏུ་ཆགས།  དེ་ནས་རིམ་བཞིན་རྒྱ་གར་འོག་ཏུ་ཕྱིན་སོང་བ་རེད་ཟེར།ཁུ་ནུ་དང་།    ག་ཤ། པི་ཏི་སོགས་ཀྱི་སྐད་ཀྱི་ནང་དུ་དག་ཡིག་ལི་ཤི་གུར་ཁང་ནང་དུ་ཡོད་པའི་བརྡ་རྙིང་མང་པོ་ཞིག་བེད་སྤྱོད་གཏོང་བཞིན་པ་མ་ཟད་ཁོང་ཚོས་སྐད་ཀྱི་སྒྲ་གདང་དང་། ནང་དོན་ལ།  ཁམས་པ་དང་ཨ་མདོའི་སྐད་ལ་ཐ་ཉེ་ས་དང་།  ཇི་མ་ཞི་བཞིན་ཡང་མང་པོ་ཡོད།

ས་ཕྱོགས་འདིའི་ནང་པ་ཡིན་ན་ཁོང་ཚོས་མི་ཚང་རེའི་ཁང་པའི་རྒྱབ་མདུན་གང་རུང་དུ་དར་ལྕོག་རེ་མི་བཙུགས་མཁན་གཏན་ནས་མེད་ཅིང་།ཤིང་སྡོང་དང་།  ཟམ་པ། ལ་རྩེ་སོགས་ལ་དར་ལྕོགས་ཁྲ་ཚུབ་སེ་བཙུགས་ནས་ཡོད།ད་དུང་ཁྱིམ་གྱི་ནང་ཆས་སྒྲིག་སྟངས་དང་།ཁང་པ་བཟོ་སྟངས་སོགས་གོམས་གཤིས་ཚང་མ་བོད་པའི་གྲོང་གསེབ་དང་ཨ་ན་མ་ན་རེད།

བོད་ཀྱི་ལོ་རྒྱུས་དུ་མའི་ནང་དུ་ཤཀྱ་མུ་ནིའི་ཆོས་ལུགས་ཀྱིས་ཤུགས་རྐྱེན་སྤྲད་ནས་ང་ཚོའི་མི་རིགས་དང་རིག་གཞུང་སྐད་ཡིག་ཆ་ཚང་རྒྱ་གར་ལ་གཏུགས་ཅི་ཐུབ་བྱས་ཤིང་། ནང་བསྟན་ཆོས་ལུགས་མ་དར་བའི་ཡར་སྔོན་དུ་བོད་མི་རིགས་འདི་ཀློ་ཀློ་གང་ཡང་མི་ཤེས་བ་མཐའ་ན་སྐད་ཡིག་ཀྱང་མེད་པའི་མི་རིགས་ཤིག་བསྒྲུབས་ཡོད།

དྲང་ཕྱོགས་ནས་ལྟ་ན་ནང་བསྟན་ཆོས་ལུགས་མ་དར་བའི་ཡར་སྔོན། སྲོང་བཙན་སྒམ་པོ་མ་སྐྱེ་བའི་སྔ་རོལ་དུ་བོད་དུ་སྐད་དང་ཡིག་གེ་རང་རྐང་ཚུགས་པ་ཞིག་མེད་ཟེར་གཏན་ནས་བཤད་མི་ཐུབ། རྒྱལ་རབས་གསལ་མའི་མེ་ལོང་སོགས་ལ་སྲོང་བཙན་སྒམ་པོ་དེ་ཡང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་རུ་བསྒྲུབ་ཅི་ཐུབ་བྱས་ཡོད། དོན་ངོ་མའི་ཆ་ནས་སྲོང་བཙན་སྒམ་པོ་ཟེར་བ་དེ་སྡིག་ཆེན་ཤན་པ་མི་བསད་ལག་དམར་གྱི་མི་གཏུམ་དྲག་ཅན་ཞིག་ཡིན་པ་ལས།          དག་པ་ལྷ་ཡུལ་ནས་མར་ཕེབས་ཡོང་བའི་ལྷ་ཞིག་གཏན་ནས་མ་རེད།     ཕྱིས་བྱོན་བོད་ཀྱི་མཁས་པ་ཚོས་ནང་ཆོས་མ་དར་བའི་ཡར་སྔོན་གྱི་བོད་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་དེ་ཞང་ཞུང་ལ་ཕུགས་གཏུགས་ཡོད་པའི་དབང་དུ་བཏང་ན།ལ་དྭགས་དེ་བོད་ཀྱི་རིག་གཞུང་དང་སྐད་ཡིག་གི་འབྱུང་ཁུང་རེད་ཟེར་ནས་བཤད་ན་ཡང་བསམ་བློ་གཏོང་ས་མེད་པ་ཞིག་མ་རེད།

རྒྱུ་མཚན་ནི་ཞང་ཞུང་ཟེར་བ་དེ་བོད་མངའ་རིས་ཕྱོགས་སུ་ངོས་འཛིན་གཅིག་མཚུངས་བྱེད་ཀྱི་ཡོད་པས་ལ་དྭགས་དེ་མངའ་རིས་སྐོར་གསུམ་གྱི་ནང་ཚན་དུ་ཚུད་ཡོད།

ལ་དྭགས་བ་ཚོས་ཟེར་ན་ལ་དྭགས་སུ་གུ་རུ་རིན་པོ་ཆེ་ཡུན་རིང་བཞུགས་མྱོང་བའི་ལོ་རྒྱུས་ཡོད་པ་མ་ཟད་ཡུལ་དེ་རུ་དར་ཆེ་བའི་ལ་དྭགས་ཁམ་བུ་ཟེར་བ་དེ་ཡང་གུ་རུ་རིན་པོ་ཆེས་བཏབ་པ་རེད་ཟེར་ནས་བཤད་སྲོལ་ཡང་འདུག   གུ་རུ་རིན་པོ་ཆེ་པ་ཀི་སི་ཐན་ལ་བཞུགས་སའི་གནས་དང་།  ཁམ་བུ་བཏབ་སའི་ས་ཆ་ད་དུང་ཡང་མཐོང་རྒྱུ་ཡོད་རེད་ཟེར།

གུ་རུ་རིན་པོ་ཆེ་བཞུགས་སའི་ཨོ་རྒྱལ་ཡུལ་ཟེར་བ་དེ་ཡང་ཨབ་གྷ་སི་ཐན་དང་། པ་ཀི་སི་ཐན་གྱི་ས་ཆ་འདི་ཕྱོགས་ལ་ཡིན་པའི་ལོ་རྒྱུས་ལུང་པ་འདི་ཕྱོགས་ཀྱི་མིས་བཤད་ཀྱི་འདུག་ལ་དེ་འདྲའི་ལོ་རྒྱུས་ཡང་ཡོད། ད་དུང་རྒྱ་གར་གྱི་གྲུབ་ཆེན་ན་རོ་པ་ཡང་ས་ཕྱོགས་འདི་ལ་ཕེབས་ནས་བྱིན་གྱིས་བརླབས་པའི་གནས་མང་པོ་ཡོད་རབ་ཀྱི་ལོ་རྒྱུས་ཡོད་ཅིང་།གཞན་ལོ་ཙྭ་བ་རིན་ཆེན་བཟང་པོ་ཡང་ས་གནས་འདི་ཕྱོགས་ནས་བྱུང་བ་རེད། གནས་ཚུལ་དེ་ཚོ་ཚང་མ་ཕྱོགས་སྡོམ་བྱ་ཡོང་དུས་ས་ཕྱོགས་འདི་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གི་འབྱུང་ཁུངས་ཤིག་རེད་འདུག་ཟེར་ནས་བཤད་འདོད་བྱུང་།


ཐད་ཀར་དྲྭ་ངོས་སུ་བྲིས་ནས་བཟོ་བཅོ་བྱ་ཁོམ་མ་བུང་བས་ཡིག་ནོར་རེ་ཤོར་ཡོད་ན་དག་བཅོས་གནང་རོགས།