༼ལ་རྒྱའི་མཆོད་མེ༽
༼ལ་རྒྱའི་མཆོད་མེ༽
བསིལ་མེད་གྱེན་དུ་འབར་བའི་དམར་པོའི་མེ་ཕུང་གསེབ།།
ཞུམ་མེད་དཔའ་རྟགས་གསལ་བའི་གངས་ཕྲུག་དཔའ་བོ་ཚོས།།
མགོན་མེད་གངས་ཅན་རིགས་ལ་བདེ་སྐྱིད་ཉི་མའི་ཆེད།།
བརྩེ་མེད་དམར་པོའི་རིགས་ལ་ཞི་བའི་སྲོག་གིས་རྒོལ།།
རང་བྱུང་རིན་ཐང་བྲལ་བའི་གངས་ལྗོངས་ཁོར་ཡུག་གཏོར།།
རང་དང་རིགས་ཀུན་མ་ལོར་འདུ་ཤེས་རིགས་ལ་ལྡང་།།
རང་དབང་གཏན་མེད་དམར་པོའི་ལུགས་ངན་གཙུག་ཏུ་འཛིན།།
རང་བསྟོད་གུང་ཁྲེན་དཔོན་ལ་ཞི་བའི་སྲོག་གིས་རྒོལ།།
གཅེས་པའི་ཤ་ཁྲག་ལས་མཆེད་བུ་དང་ཆུང་མ་དག །
སྟོན་གྱི་འདབ་མ་ཇི་བཞིན་སྐྱུར་བའི་སྐྱོ་གདུང་ཞིག །
མི་བཟོད་མེ་ཕུང་དམར་པོའི་གསེབ་ནས་ཕྲ་ཆུང་དག །
འཛུམ་མེད་སྤྱན་ཆབ་བཞུར་བཞིན་དགྲ་བོའི་ཕྱོགས་ལ་ཟུག ༏
ཕྱིར་རོལ་མེ་སྟག་དམར་པོས་ལུས་ཕུང་ཡུན་གྱིས་སྲེག །
ནང་དུ་རིགས་གཅིག་སྤུན་དང་བླ་མ་དྲན་བཞིན་དུ།།
ལྡོག་མེད་ལ་རྒྱ་རྡོ་རྗེ་བྲག་བཞིན་བརྟན་པོས་ངང་།།
རིན་ཆེན་ལུས་སྲོག་གཉིས་ཀྱིས་བསྟན་དགྲ་དམར་པོར་རྒོལ།།