༼གཞིས་ལུས་བོད་མི་ཞིག་གི་ལ་རྒྱའི་སྙིང་གཏམ༽

༼གཞིས་ལུས་བོད་མི་ཞིག་གི་ལ་རྒྱའི་སྙིང་གཏམ༽

ང་ཚོས་ད་ལྟའི་བོད་ཀྱི་གནས་བབ་དེ་གང་འདྲ་ཞིག་གི་ཚད་ལ་ལྷུང་ཡོད་པ་གསལ་པོ་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན།

ང་ཚོ་ད་སྐབས་མི་རིགས་གཞན་པས་དཔལ་འབྱོར་གྱིས་བཤུ་བཞོག་དང་ཆབ་སྲིད་ཀྱིས་གཉའ་གནོན།

རིག་གནས་ཀྱིས་བཙན་འཛུལ་བརྒྱུད་དེ་ལོ་རྒྱུས་ཡུན་རིང་ལྡན་ཅིང་། རིག་གཞུང་ཟབ་མོས་ཕྱུག་པ། གཏེར་རིགས་དང་ཤིང་ནགས་སོགས་ཀྱིས་ཡོངས་སུ་ཕྱུག་ཅིང་།

ས་ཁྱོན་རབ་ཏུ་ཆེ་བའི་བོད་ཡུལ་གངས་རིའི་ལྗོངས་འདི་ཐོག་མར་གཡོ་སྒྱུ་དང་མཁས་འཇམ།

དེ་ནས་བཙན་ཤེད་དང་དྲག་གནོན་གྱི་སྒོ་ནས་བོད་ཀྱི་བདག་པོ་ངོ་མ་དང་། བོད་ཀྱི་སྲིད་གཞུང་ངོ་མ།

བོད་ཀྱི་དབུ་ཁྲིད་ངོ་མ་དག་རྒྱ་གར་སོགས་ཕྱི་རྒྱལ་ཁག་ལ་ཕྱིར་ཕུད་བཏང་སྟེ། རྒྱ་རིགས་ཆེན་པོའི་དཔལ་འབྱོར་གྱི་དགོས་མཁོ་དང་། སྲིད་དོན་གྱི་དགོས་མཁོ།

ས་ཁྱོན་གྱི་དགོས་མཁོ་སོགས་ཀྱི་ཆེད་དུ་་བདག་དབང་ཡོད་ཚད་བཙན་བཟུང་བྱས་པས་མ་ཚད།

 རིག་གནས་གསར་བརྗེ་ཆེན་པོ་དང་ནུབ་ཕྱོགས་བསྒྱུར་བཀོད་ཆེན་པོ་སོགས་ཀྱི་ལས་འགུལ་བསྟུད་མར་སྤེལ་ཏེ་ང་ཚོའི་མི་རིགས་རིག་གནས་དང་བཅས་པ་རྩ་བ་ནས་རྐང་བྲུ་བྱེད་བཞིན་ཡོད་པ་རེད།

 

ང་ཚོས་ད་སྐབས་ཤེས་དགོས་པ་ནི་རང་མི་རིགས་འདི་འཆི་ལ་ཉེ་བའི་མི་རིགས་ནད་པ་ཞིག་གི་ཚད་ལ་སླེབས་ཡོད་པ་འདི་རེད། འོན་ཀྱང་ད་དུང་ཤི་མ་ཚར་བ་འདིའང་ཤེས་དགོས་པ་ཧ་ཅང་གལ། ང་ཚོས་རང་མི་རིགས་རིག་གནས་དང་བཅས་པ། རང་མི་རིགས་རང་དབང་དང་བཅས་པ། རང་མི་རིགས་ཕ་ས་དང་བཅས་པ་ཉེན་ཁ་འདི་ལས་སྐྱོབས་ཐབས་ལ་རེམས་དགོས་པའི་དུས་ལ་སླེབས་ཡོད། ང་ཚོ་ལངས་རན་པ་རེད། ང་ཚོ་སད་རན་པ་རེད།

ང་ཚོས་རང་གི་མགོ་ཐོག་གི་གཉའ་ནས་གནོན་པའི་དགྲ་བོ་དེ་ཚོར་རང་གིས་ཕར་རྒོལ་དང་འཐབ་རྩོད་བྱས་ཏེ་རྒྱལ་ཐབས་བྱེད་དགོས་པ་ལས་དགྲ་བོས་རང་མོས་ཀྱིས་ནམ་ཡང་འཚམས་འཇོག་བྱེད་མི་སྲིད་པ་ཞིག་པ་རེད། དེའང་ཐལ་རྡུལ་ཕྱགས་མས་མ་ཕྱགས་ན་ཐལ་བ་རང་ཉིད་ནམ་ཡང་མེད་པར་འགྱུར་མི་སྲིད་པའི་དཔེ་ལྟར་རེད།

ཁམས་ཕྲུག་དམུ་འཛི་རྒྱལ་གྱིས་བོད་མདོ་ཁམས་རྒྱལ་ཐང་རྫོང་དུ་བྲིས་པའོ།།