ཁྲིམས་ཆེན་བདུན་གྱི་དགོས་དམིགས་དང་འབྲེལ་ཏེ་དེང་ཐོག་བོད་ཀྱི་གནད་དོན་འགའ།
ཁྲིམས་ཆེན་བདུན་གྱི་དགོས་དམིགས་དང་འབྲེལ་ཏེ་དེང་ཐོག་བོད་ཀྱི་གནད་དོན་འགའ།
ཐོག་མར་ཁྲིམས་ཆེན་བདུན་གྱི་དགོས་དམིགས་དང་དེའི་ཕན་འབྲས་ལ་མ་གཞིག་གོང་ཁྲིམས་ཞེས་པའི་ངེས་ཚིག་དང་དེའི་བྱུང་རིམ་སྐོར་ཅུང་ཟད་གླེང་ན། སྤྱིར་ཁྲིམས་ཞེས་པ་འདི་ལ་སྒྲ་ཡང་དོག་གཉིས་ཀྱི་སྒོ་ནས་ངེས་ཚིག་འགྲེལ་དགོས་པ་དང་། སྒྲ་ཡང་པའི་དབང་དུ་བྱས་ན། ཁྲིམས་ཞེས་པ་ནི་མི་མང་མང་ཚོགས་ཀྱི་སེམས་ཀྱི་སྨོན་འདུན་དང་རེ་བའི་འཚོལ་སྙེག་སོགས་མཚོན་པར་བྱས་ཏེ། གནས་སྐབས་དང་མཐར་ཐུག་གི་དེ་ཉིད་སྒྲུབ་པར་ཕན་རླབས་རང་བཞིན་ཅན་གྱི་སྒྲིག་སྲོལ་ཞིག་ལ་སྒྲ་ཡང་བའི་དབང་དུ་བྱས་པའི་ཁྲིམས་ཞེས་འདོགས་དགོས་པར་འདོད།
སྒྲ་དོག་པའི་དབང་དུ་བྱས་པའི་ཁྲིམས་ཞེས་པ་ནི། རྙོག་འཛིང་ཅན་གྱི་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་མི་དང་མིའི་དབར་གྱི་འགལ་ཟླ་དང་མི་དང་སྤྱི་ཚོགས་དབར་གྱི་འགལ་ཟླ་བྱུང་བར་བརྟེན། བྱ་དངོས་ཀྱི་ཐོན་སྐྱེད་སྒེར་གཅོད་མཁན་ནམ་བྲན་བདག་རྣམས་ཀྱིས་རང་ཉིད་ཀྱི་རྩ་བའི་ཁེ་ཕན་བདག་སྲུང་བྱ་སླད་དམིགས་ནས། མི་མང་ངམ་དམངས་ཀྱི་འདོད་མོས་ཡོད་མེད་ལ་ལྟོས་པར་སྒེར་གཅོད་ཀྱི་བསམ་བློའི་སྒོ་ནས་བཙན་བཀའ་བཏང་བའི་སྒྲིག་སྲོལ་ཞིག་ལ་སྒྲ་དོག་པའི་དབང་དུ་བྱས་པའི་ཁྲིམས་ཞེས་འདོགས་དགོས་པར་འདོད།
འདིའི་བྱུང་རིམ་གྱི་དབང་དུ་བྱས་ན་ཡང་ཁྲིམས་ཞེས་པ་ནི་གདོད་མིའི་སྤྱི་ཚོགས་ཀྱི་མཇུག་སྒྲུལ་ཏེ་སྒེར་འཛིན་ལམ་ལུགས་སམ་གྲལ་རིམ་ལམ་ལུགས་ཀྱི་སྤྱི་ཚོགས་གྲུབ་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ལ། ཆབ་སྲིད་དང་། དཔལ་འབྱོར། དམག་དོན་སོགས་ཀྱི་གོ་གནས་ཐོབ་རྩོད་དང་། ཁྱོད་ཤི་ང་གསོན་གྱི་བྲན་བདག་གི་གོ་ས་སྲ་བརྟན་དང་ནུས་ཤུགས་གྱི་གུང་བུ་གཅིག་འགྱུར་སླད་དུ་དམིགས་ནས་འཕེལ་རྒྱས་དམིགས་བསལ་ཞིག་ཀྱང་བྱུང་བ་ཡིན། དེ་ནས་རིམ་བཞིན་འཕོ་འགྱུར་སྣ་ཚོགས་ཤོག་བྱུང་སྟེ། སྒེར་གཅོད་ཀྱི་བསམ་བློ་ངན་པ་འདི་བཞིན་བྱུང་བ་ཞིག་ལས། འགྲོ་བ་མིའི་སྤྱི་ཚོགས་གྲུབ་ཉིན་ནས་ཁྲིམས་ཀྱི་དབང་བསྒྱུར་ཡོད་བསྡད་པ་ཞིག་དང་ཁྲིམས་ཀྱི་བདག་དབང་རྩོད་མཁན་གྱི་གང་ཟག་འཁྲུངས་བསྡད་པ་ཞིག་མིན་པར། སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་། ཐོན་སྐྱེད་ཀྱི་ཡོང་འབབ་མགོ་བཙུགས་པ་ནས་རིམ་གྱིས་ཇེ་ལགས་ཇེ་དར་གྱི་ཚུལ་དུ་བྱུང་བ་ཞིག་ཏུ་ལགས། དེ་མཚུངས་ཆོས་རྒྱལ་སྲོང་བཙན་སྒམ་པོས་གསར་དུ་བཏོད་པའི་ལུགས་གཉིསཀྱི་རྩ་ཁྲིམས་སོ་དྲུག་གམ་ཁོད་སོ་དྲུག་ཅེས་པ་འདི་ཡང་བོད་མི་རིགས་ཀྱི་ཕྲལ་ཕུགས་གཉིས་གར་ཕན་རླབས་རང་བཞིན་ཅན་གྱི་སྒྲིག་གཞི་ཞིག་ལས། རྒྱལ་པོ་རང་ཉིད་ཀྱིས་སྒེར་གཅོད་ཀྱི་བསམ་བློ་ངན་པར་ཕུང་འགེབ་ཀྱི་རོགས་སྐྱོར་དང་། དམངས་ཀྱིས་འདོད་མོས་ཡོད་མེད་ལ་མ་ལྟོས་པར་མཁྲེགས་བཟུང་གི་ལྟ་བ་རུལ་བོས་གནས་ལུགས་ཀྱི་བདེན་པ་དཀར་པོ་ནག་བསུབ་ཏུ་བཏང་བ་ཞིག་གཏན་ནས་མ་ཡིན། མ་ཟད་དམ་པ་གང་གི་ལྷག་བསམ་གྱི་འོད་སྣང་དཀར་པོས་བཞེངས་པའི་དྲི་མེད་ཀྱི་ཁྲིམས་གཞི་བརྟན་པོ་འདི་ཉིད་གཞི་རྐང་ཚུགས་པ་ནས་བཟང་། ཆོས་ལྡན་བོད་ཀྱི་ཞིང་དུ་བདེ་སྐྱིད་ཀྱི་ཉི་འོད་སེར་པོས་འབངས་མི་ཡོངས་ལ་སྤྲོ་སྐྱིད་ཀྱི་དྲོད་ཁོལ་ཟབ་མོ་ལོངས་སུ་སྤྱོད་པའི་སྐལ་བཟང་གི་གོ་སྐབས་བསྩལ། དེ་ཡང་ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་”རྒྱལ་རབས་གསལ་བའི་མེ་ལོང་ལས”དེ་ལྟར་མཛད་པས་རྗེ་བཙན་འབངས་རྣམས་སྐྱིད།། བསྟན་པ་རྒྱས་ཤིང་རྒྱལ་བསྟན་ཕྱོགས་བཅུར་འཕེལ།། ཆོས་ཀྱི་བཀའ་ཁྲིམས་མཛད་པས་འབངས་རྣམས་བཀའ་ལ་ཉན།། མི་རྗེ་ལྷ་ཡིས་མཛད་པས་རྒྱལ་ཁམས་ཐམས་ཅད་སྐྱིད།། ཅེས་སྐབས་དེའི་ཆོས་རྒྱལ་གྱིས་གཏན་ལ་ཕབ་པའི་ཁྲིམས་ལུགས་དེའི་འོག་ཏུ་སྐྱོད་པའི་བོད་མི་རིགས་རྣམས་ལ་དམིགས་བསལ་གྱི་དགའ་བ་དང་སྤྲོ་བའི་ཡོངས་སུ་ཁེངས་པ་གསལ་བར་བསྟན་ཡོད། ཁྱད་པར་དུ་ཁྲིམས་ཆེན་བདུན་གྱི་ལུགས་སྲོལ་གཏན་འབེབས་གནངས་པ་དེས་བོད་མི་རིགས་ཙམ་མིན་པར་འཛམ་གླིང་སྐྱེ་འགྲོ་ཡོངས་ལ་འགྲན་ཟླ་མེད་པའི་མིག་དཔེ་བཟང་པོ་ཞིག་ཀྱང་ལགས་པར་བཞག་གནང་མཛད་ཡོད།
དེ་ཡང་ཁྲིམས་ཆེན་བདུན་ནི། ༡སྲོག་མི་གཅོད་པ། ༢མ་བྱིན་པ་མི་ལེན་པ། ༣ལོག་གཡེམ་མི་བྱེད་པ། ༤རྫུན་མི་བཤད་པ། ༥ཆང་བག་མེད་དུ་མི་འཐུང་བ། ༦ཁེང་མི་ལྡོག་པ། ༧བང་སོ་མི་འདྲུ་བ་རྣམས་སོ། འདི་རྣམས་ཀྱིས་ཁྱབ་ཚད་ཀྱི་དབང་དུ་བྱས་ན་ཧ་ཅང་ཆེན་པོ་ཞིག་དང་གོ་ས་ཧ་ཅང་མཐོ་བོ་ཞིག་བཟུང་ཡོད་ལ། འདི་དག་གིས་སྤྱི་ཚོགས་འཚོ་བའི་དགོས་མཁོ་ལ་ཕན་ནུས་ཀྱིས་རྦ་རླབས་ཀྱང་དྲག་ཏུ་འཕྱུར་བཅུག་ཡོད། རྒྱུ་མཚན་དེས་ན། མཁས་སྙན་གྱི་གྲགས་པ་ཡོད་མེད་དང་། སྨྲ་ལྕེ་ཡི་ལྡེབ་འགྲོས་མྱུར་མིན་ལ་མ་ལྟོས་པར། ཁྲིམས་ཆེན་བདུན་གྱི་དགོས་དམོགས་དང་དེང་ཐོག་བོད་ཀྱི་གནད་དོན་འགའ་གླེང་འདོད་བྱུང་།
དང་པོ་སྲོག་གཅོད་སྤང་པའི་དགོས་དམིགས་གླེང་བ།
དེ་ཡང་ཁྲིམས་ཆེན་བདུན་ལས་སྲོག་གཅོད་པ་སྤང་བ་ནི་གཙོ་བོ་མིའི་རིགས་ཀྱི་ཚེ་སྲོག་གི་རིན་ཐང་ལ་སྲུང་སྐྱོབ་བྱ་སླད། སྒྲིག་ཁྲིམས་འདི་གཏན་ལ་ཕབ་པ་ཞིག་ཡིན་པར་མ་ཟད། ཉེས་པ་ལྕི་ཡང་གི་སྒོ་ནས་གཤིན་སྟོང་དང་། གསོན་སྟོང་ཞེས་ཁྲིམས་གཅོད་ཀྱི་རིགས་ཀྱང་རྣམ་པ་གཉིས་སུ་བསྒར་ཡོད། དང་པོ་གཤིན་སྟོང་ཞེས་པ་ནི་མི་དང་མིའི་བར་ལ་འཁྲུག་འཛིང་དང་འཐབ་རྩོད་བྱུང་ནས་མི་བསད་པའམ་ཡང་ན་འཁྲུག་འཛིང་བྱས་པའི་རྐྱེན་དེ་ལ་བརྟེན་ནས་ཚེ་འདས་སུ་གྱུར་བའི་གཤིན་པོའི་སྲོག་སྐྱིན་དུ་དངོས་རྫས་ཀྱིས་གུན་གསབ་བྱེད་དགོས་པ་མ་ཟད། འདས་པོའི་ཆེད་དུ་མཆོད་འབུལ་དང་དུར་རྫོངས་སོགས་ཀྱི་འགྲོ་གྲོན་རྣམས་ཀྱང་བཀྲོངས་མཁན་ནམ་གསོད་མཁན་གྱིས་གཏོང་དགོས་པ་ལ་གཤིན་སྟོང་ཞེས་ཟེར། གཉིས་པ་གསོན་སྟོང་ཞེས་པ་ནི་འཁྲུག་འཛིང་གི་གཡུལ་ས་ནས་རྨས་སྐྱོན་ཤོརབའམ་ཡང་ན་རྐྱེན་གཞན་དག་ལ་བརྟེ་ནས་རྨས་སྐྱོན་བྱུང་རིགས་ལ། རྨས་སྐྱོན་བཟོ་མཁན་རང་ཉིད་གྱིས་རྨས་ཡུལ་ལ་ནད་བཅོས་ཀྱི་སྨན་རིན་དང་། ནད་བཅོས་ཀྱི་གུན་གསབ་སྤྲོད་དགོས་པ་དེར་གསོན་སྟོངཞེས་ཡོངས་སུ་གྲགས། འོན་ཀྱང་སྐབས་འདིར་སྲོག་གཅོད་སྤང་པ་ཞེས་པའི་སྲོག་གཅོད་པ་ནི་སྲོག་ལྡན་མིའི་རིགས་གཅིག་པོ་ལས་སེམས་ཅན་གཞན་ལ་དངོས་སུ་འབྲེལ་བ་མེད་ཀྱང་། དེ་ཙམ་གྱིས་སེམས་ཅན་གཞན་གྱི་གཅེས་སྲོག་ལ་སྣང་ཆུང་དང་རིན་ཐང་མ་བཞག་པ་མཚོན་མི་ནུས། མ་ཟད་ཁོད་སོ་དྲུག་གི་རིམ་པ་གསུམ་པ་སྟེ་བཀའ་གྲོས་ཆེན་མོ་དྲུག་གི་ནང་ཚུན་དུ་དགེ་བ་བཅུ་སྒྲུབ་དགོས་པ་དང་། མི་དགེ་བཅུ་རྒྱབ་ཏུ་དོར་དགོས་པའི་བཀའ་ཁྲིམས་མཛད་པ་དེ་ལས། སྲོག་ལྡན་སྤྱི་ཡོངས་ཀྱི་ཚེ་སྲོག་ལ་རིན་ཐང་ཅི་ཙམ་བཞག་མིན་ཡང་གསལ་བོར་ཤེས་སོ།
ཁྲིམས་ཡིག་འདི་ལྟར་མཛད་པའི་དགོས་པ་དང་རྒྱུ་མཚན་རྣམས་ལྷ་ཆོས་རིག་གནས་དང་མི་ཆོས་རིག་གནས་གཉིས་ཀྱི་སྒོ་ནས་འགྲེལ་བཤད་གཏིང་ཟབ་ཅིག་སྐྱོན་གྱི་ཡོད་པར་སེམས། ཆོས་ཕྱོགས་ནས་བཤད་ན། སེམས་ཅན་འབུ་སྲིན་གྲོག་མ་ཚུན་ཆད་ཀྱང་རང་ཉིད་ཀྱི་ཕ་མར་མ་གྱུར་བ་གཅིག་ཀྱང་མེད། ཕ་མར་གྱུར་བའི་སེམས་ཅན་འདི་དག། ལས་ཉོན་གྱི་དབང་གིས་གནས་སྐབས་ཙམ་དུ་འཇིག་རྟེན་འདིར་འུ་ཚོ་དང་མཉམ་དུ་འཚོ་སྡོད་ཙམ་བྱེད་ན། འུ་ཚོས་ཉམས་མངའ་བག་ཚ་མེད་པར་སྲོག་གཅོད་གང་ཐུབ་བྱེད་པ་ནི་རང་ཉིད་ཀྱི་ད་ལྟའི་རྩ་བའི་ཕ་མ་རྣམས་གསོད་པ་དང་ཁྱད་པར་མེད་པས་ཅིས་ཀྱང་མི་རུང་བར་བསྟན་པར་གཞིགས་ན། མིའི་རིགས་ཀྱི་ཚེ་སྲོག་གཅོད་པ་འདི་དེ་བས་ཀྱང་ཚབ་ཆེན་ཞིག་དང་ཉེས་ཆེན་ཞིག་ཡིན་པ་བདོ་རྒྱུད་ཀྱི་བསྟན་བཅོས་རྣམས་ལས་ལགས་པར་གསུངས་སྟབས། ”སྲོག་གཅོད་གོང་ན་སྡིག་གཞན་མེད”ཅེས་པའི་སངས་རྒྱས་པའི་སྡོམ་ཚིག་སྙིང་ལ་བཅངས་ཏེ། ཅིས་ཀྱང་མི་གསོད་ཁྲག་སྦྱོར་གྱི་གཡུལ་ངོ་བཤམ་མི་འོས་རབས་སྟོན་སླད་དུ། ཁྲིམས་ཡིག་འདི་གཏན་འབེབས་བྱས་པ་ཞིག་ཏུ་ལགས་སོ།
གཉིས་པ་འཇིག་རྟེན་མིའི་རིགས་ཀྱི་ཕྱོགས་ནས་བཤད་ན། རྒྱལ་ཁབ་ཅིག་གི་ལུགས་གཉིས་ཀྱི་བྱ་གཞག་བརྟན་བརླིང་དང་ཞི་འཇགས་དགོས་པ་ནི་རྒྱལ་ཁབ་དེའི་མེད་ཐབས་པའི་གནད་དོན་འགངས་ཆེན་ཞིག་ཡིན་པར་བརྟེན། རྒྱལ་ཁབ་དེའི་མི་རིགས་ཕན་ཚུན་ཆ་མཐུན་དང་མཛའ་བརྩེའི་ལག་སྡིང་གཅིག་ཏུ་སྦྲེལ་ཏེ་ནུས་ཤུགས་ཀྱི་གུང་བུ་དེ། རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སྤུངས་དགོས་པ་ལས། མི་རིགས་ནང་ཁུལ་མི་གསོད་ཁྲག་སྦྱོར་གྱི་འཇིགས་རུང་གི་འུར་སྒྲ་ནམ་ཡང་སྒྲོག་མི་ཉན་པར་འདོད། དེས་ན་གནད་དོན་གང་ཞིག་གི་ཆེད་དུ་ཚེ་སྲོག་གི་རིན་ཐང་ལ་གཙིགས་སུ་འཛིན་དགོས་པ་ཁྲིམས་ཡིག་འདི་ལས་གསལ་བར་བསྟན་ཡོད། ད་དུང་ཡུལ་ལུང་དང་ཡུལ་ལུར་བར་འགའ་ཟླར་བྱིན་ཏེ་འཁྲུག་རྩོད་ཀྱི་གཡུལ་འགྱེད་བྱེད་རེས་བྱས་ཏེ། མི་སྡེའི་དཔུང་ཁག་བཙན་མིན་དང་རྒྱབ་བརྟེན་གྱི་རོགས་སྐྱོར་མང་ཉུང་ལ་བརྟེན་ནས་མི་རིགས་ནང་ཁུལ་ལ་མི་མཐུན་པའི་རྙོག་འཛིང་སྣ་ཚོགས་ཤིག་བསླངས་ཏེ་རང་རྒྱལ་ལུགས་གཉིས་ཀྱི་བྱ་གཞག་རྣམས་ཉམས་པ་ནས་ཉམས་པ་དང་རྒུད་པ་ནས་རྒུད་པར་འགྲོ་མགོ་རྩོམ་མཁན་ཡང་། ཕན་ཚུན་གསོད་རེས་གཏུབ་རེས་ཀྱི་འཇིགས་རུང་གི་གོམས་སྲོལ་ངན་པ་འདི་དང་། སྤུན་ཟླ་ནང་འཁྲུག་གི་ཁྲེལ་མེད་ཀྱི་ལྐུག་རྟགས་འདི་གཉིས་ཡིན་པ་ཡང་སུ་ཞིག་ལ་བསྙོན་དུ་ཡོད། དེས་ན་མདོར་བསྡུས་ཀྱི་སྒོ་ནས་བརྗོད་ན་སྲོག་གཅོད་སྤང་པའི་དགོས་དམིགས་དང་དེའི་ཕན་འབྲས་གང་ཡིན་རྣམས་ཀྱང་རྒྱུ་མཚན་འདི་དག་ལས་རགས་ཙམ་ཤེས་སོ།
གཉིས་པ་དེང་ཐོག་བོད་ཀྱི་གནད་དོན་འགའ།
འདི་དང་འབྲེལ་ཏེ་ངེས་པར་དུ་མཁྱེན་རྟོགས་བྱ་དགོས་པ་ཞིག་ནི་དེང་ཐོག་བོད་པའི་སྤྱི་ཚོགས་ན་ཚ་ཚ་འུར་འུར་གྱིས་གླེང་སློང་ཤུགས་ཆེན་བྱེད་བཞིན་པའི་བོད་མདོ་དབུས་མཐོ་སྒང་དུ་གནས་པའི་འབྲི་གཡག་རྣམས་ངན་གསོད་བྱེད་མིན་དང་བཤས་ཚོང་འོས་མིན་གྱི་སྐད་ཆ་འདི་རེད། ཁོ་བོས་བལྟས་ན་འདི་ལ་ངེས་པར་དུ་བསམ་གཞིགས་ཀྱི་འཁོར་སྐྱོད་རྣལ་མ་ཞིག་བྱེད་དགོས་པར་མཐོང་བས། སྐབས་འབྲེལ་རང་ཉིད་ཀྱི་ལྟ་ཚུལ་ཞིག་བརྗོད་ན། འབྲི་གཡག་རྣམས་བཤས་ཚོང་འོས་དང་མི་འོས་དེ་ཆོས་ལུགས་དང་། ལོ་རྒྱུས། མི་རིགས་སོགས་ཀྱི་ངོ་ནས་ལྟ་དགོས་པར་འདོད། རིགས་ཚན་འདི་དག་ལ་འཚམས་ཤིང་འོས་པོ་ཞིག་ཡིན་ཕྱིན་ངེས་པར་དུ་དང་ལེན་གྱི་མགྲིན་པ་གཟེངས་སུ་བཏེགས་དགོས་པ་དང་། གལ་སྲིད་རིགས་ཚན་དེ་དག་དང་རྒྱབ་ཏུ་ཕྱིན་ཡོད་ཚེ་དྲང་བདེན་གཟི་ལམ་གྱི་སྨྲ་ལྕེ་ལྡེབ་དགོས་པ་དུས་རབས་གསར་བའི་ཤེས་ལྡན་པ་དག་གི་འདེམས་འོས་པ་དང་སྐྱོད་འོས་པའི་ལམ་ཁ་མ་ནོར་བ་དེ་ཡིན་སྟབས་ཅིས་ཀྱང་དགོངས་འཇགས་བྱེད་དགོས།
ཆོས་ལུགས་ཀྱི་ངོས་ནས་ལྟ་བ།
དེས་ན་ཐོག་མར་ལྷ་ཆོས་རིག་གནས་སམ་ནང་བསྟན་ཆོས་ལུགས་ཀྱི་ངོས་ནས་འབྲི་གཡག་རྣམས་བཤས་ཚོང་བྱ་འོས་མིན་གྱི་བསམ་གཞིགས་བྱེད་དགོསཔ་ནི། འུ་ཚོ་ནང་པ་སངས་རྒྱས་པའི་གྲལ་མཐའ་ནས་སྡོད་མཁན་ཞིག་ཡིན་པའི་ཆ་ནས་སོ། ནང་བསྟན་གཞུང་ལུགས་ནས་གསུང་པའི་མར་ཤེས་པ་དང་། དྲིན་དྲན་པ། དྲིན་གཟོ་བ་ཞེས་པའི་སེམས་ཅན་འབུ་སྲིན་གྲོག་མ་ཚུན་ཆུད་རང་གི་ད་ལྟའི་རྩ་བའི་ཕ་མ་དང་འདྲ་མཚུངས་ཀྱི་དམིགས་པ་འཛིན་དགོས་པའི་བསླབ་བྱ་གཞིར་བཞག་གིས། མདོ་དབུས་མཐོ་སྒང་གི་འབྲི་གཡག་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། དེ་དག་གིས་རང་མི་རིགས་ལ་ཁྱད་དུ་འཕགས་པའི་ཞབས་འདེགས་རླབས་ཆེན་མཛད་ཚུལ་ལ་བསམ་གཞིགས་གཏིང་ཟབ་ཅིག་གནང་དགོས་པ་ལས། མ་རྟོགས་གཡམ་རྒྱུག་དང་ཟུར་ཟ་འཕྲག་དོག་གིས་དབུགས་རིང་བསྐྱངས་པར་དགོས་པ་དམིགས་བསལ་ཞིག་མེད་པར་མ་ཟད། མི་རིགས་ནང་ཁུལ་ལ་དོན་མེད་ཀྱི་རྩོད་གཞི་བསླངས་པ་ཙམ་དུ་ཟད་དོ། ད་དུང་དྲིན་ཆེན་གྱི་སེམས་ཅན་དེ་དག་འུ་ཚོའི་སྒོ་ཕྱུགས་སུ་ཕབ་པ་དེ་ཡང་ཤ་བཟའ་བ་དང་ཁྲག་འཐུང་བ་ཙམ་གྱི་ཕྱིར་དུ་མིན་པ་མཁྱེན་དགོངས་ཐོག ། སྲོག་བཅད་པའི་ཉེས་མིག་དང་ཁྱད་པར་དུ་རང་རེ་རྣམས་ལ་བཀའ་དྲིན་ཤུན་ཏུ་ཆེ་བའི་སེམས་དེ་དག་གི་སྲོག་གཅོད་ཐབས་ཀྱི་འབད་འབུང་བྱེད་འོས་མིན་གྱི་ཐོག་ནས་བསམ་གཞིགས་བྱེད་དགོས་པ་དེ་ཡང་། ནང་བསྟན་ཆོས་ལུགས་ཀྱི་གྲལ་མཐའ་འཛིན་པ་དག་གིས་འགན་འཁྲི་རྨ་མེད་པ་ཞིག་ཏུ་ལགས་སོ།
ལོས་རྒྱུས་ཀྱི་ངོས་ནས་ལྟ་བ།
འདས་པའི་ལོ་རྒྱུས་ཀྱི་བྱུང་བ་གཞིར་བཞག་གིས་བཤད་ན་བོད་མདོ་དབུས་མཐོ་སྒང་དུ་སྤྲ་སྦྲེའུ་མི་ལ་འགྱུར་ཏེ་སྤྱི་ཚོགས་རང་བཞིན་ནམ་གྲལ་རིམ་རང་བཞིན་ཅན་གྱི་སྡེ་ཁག་དག་ཏུ་གྱེས་པ་ནས། མི་ཚང་དང་སྡེ་ཁག་རེ་རེས་སོ་སོའི་འཚོ་ཐབས་ཀྱི་ངལ་བ་སེལ་སླད། བདག་མེད་རི་སྐྱེས་སྲོག་ཆགས་རྣམས་སྒོ་ཕྱུགས་སུ་བཙན་གྱིས་ཕབ་ཏེ། འཚོ་ཐབས་ཀྱི་ལམ་ཁ་དམིགས་བསལ་ཞིག་རྙེད་མགོ་ཚུགས་ཡོད་ལ། དུས་དེ་ནས་བཟུང་བོད་གངས་རའི་ལྗོངས་སུ་ཞིང་པ་དང་འབྲོག་པ་ཞེས་པའི་འཚོ་ཐབས་ཀྱི་ལམ་ཁ་འདི་གཉིས་ཀྱང་དབུ་བརྙེས་པ་རེད། ཁྱད་པར་དུ་འབྲོ་སྦྲ་ནག་ཅན་གྱི་སྒོ་ཁར་བདོག་པའི་འབྲི་གཡག་རྣམས་ལ་མཚོན་ན་བོད་གངས་ཅན་པའི་ཐུན་མིན་གྱི་ཁྱད་ཆོས་རང་བཞིན་ལྡན་པའི་སྒོ་ཕྱུགས་སུ་གྱུར་ཡོད་ཅེས་བཤད་ན་མི་འགྲིག་པ་ཆེར་མེད། རྒྱུ་མཚན། སྤྱིར་འཛམ་གླེང་འདིར་འབྲི་གཡག་གི་གྲངས་ཚད”ཁྲི་སྟོང་ཕྲག་གཅིག་དང་བཞི་བརྒྱ་བདུན་ཅུ་”ལྷག་ཙམ་ཡོད་སྐད་འདུག་ལ། འདིའི་གྲངས་འབོར་གྱི་བརྒྱ་ཆ་དགུ་བཅུ་གོ་དགུ་ཙམ་བོད་གངས་ཅན་པའི་ཡུལ་འདིར་འཚོ་གཞིས་སུ་ཆགས་ཡོད་པས་སོ། དེས་ན་བོད་གངས་ཅན་པའི་འབྲི་གཡག་རྣམས་བོད་གངས་ཅན་པའི་ཐུན་མོང་མིན་པའི་ཁྱད་ཆོས་སུ་གྲུབ་པ་དེ། བོད་མི་རིགས་ཀྱི་གཟི་བརྗོད་དང་། སྟོབས་ཤིག་ཡིན་པར་མཚོན་ཡོད་པས། ཅིས་ཀྱང་སེམས་ཅན་འདི་དག་སྲུངསྐྱོབ་དང་འདངས་ཆེན་བྱས་ཏེ། བཤས་ཉོ་བཤས་ཚོང་གི་ལོག་ལམ་དུ་མ་སོང་བ་ཞིག་བྱ་དགོས་པ་ནི་ཆོས་ཉིད་ཀྱིས་གྲུབ་པའི་གནས་ལུགས་ཤིག་ཏུ་འཁུམས་སོ།
དེ་མཚུངས་འབྲི་གཡག་རྣམས་བོད་གངས་ཅན་པའི་སྒོ་ཕྱུགས་སུ་ཕབ་པ་ནས་བཟུང་། ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་ཕུན་ཚུམ་ཚོགས་པོ་ཤིག་སྤྲད་གནང་མཛད་ཡོད་པ་འདས་ཟིན་པའི་ལོ་རྒྱུས་དང་། ད་ལྟའི་དོན་དངོས་ཀྱི་འཚོ་བ་རྣམས་ལས་ཀྱང་གསལ་བོར་ཤེས། ད་དུང་རྒྱ་ཆེ་ས་ནས་བཤད་ན་འུ་ཚོ་འཚོ་སྡོད་ཀྱི་གནས་གཞིས་སུ་ཆགས་པའི་ས་སྒང་འདི་དང་། ས་སྒང་འདིར་འཚོ་སྡོད་བྱེད་མུས་ཀྱི་སེམས་ཅན་གཉིས་ཀྱི་བར་ན། གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དམ་ཟབ་ཅིག་ཀྱང་ཡོད་པར་བརྟེན། གཅིག་ཉེན་ཁར་ལྷུང་བའི་གནད་དོན་བྱུང་ཚེ་གཅིག་ཤོས་ཀྱང་རིམ་གྱིས་འགྲིབ་པ་དེ་ནང་བསྟན་ཆོས་ལུགས་ཀྱིས་གསུང་སྟངས་ཤིག་མིན་པར། དངོས་ཁམས་ཚན་རིག་པ་རྣམས་ཀྱིས་ཀྱང་དེ་ལྟ་དེ་ལྟར་དུ་བཞེད་ཀྱིན་ཡོད་པ་ལགས་སོ། མདོར་ན་འདས་ཟིན་པའི་ལོ་རྒྱུས་ཀྱི་རྒྱུད་རིམ་ལ་ཕྱིར་ལྟ་བྱེད་དུས་འབྲོག་སྦྲ་ནག་ཅན་གྱི་སྒོ་ཁའི་འབྲི་གཡག་རྣམས་ཀྱི་རིན་ཐང་དང་། དེ་དག་གིས་གངས་ཅན་པ་རྣམས་དང་ཁྱད་པར་དུ་འབྲོག་སྡེ་རྣམས་ལ་དམིགས་བསལ་གྱི་ཞབས་འདེགས་ཞུས་ཡོད་པ་གཞི་ནས་རྟོགས།
མི་རོགས་ཀྱི་ངོས་ནས་ལྟ་བ།
མི་རིགས་ཤིག་གི་ངོས་ནས་བལྟས་ཏེ་བཤད་ན། འབྲི་གཡག་རྣམས་བཤས་ཚོང་བྱས་པའི་ཁེ་ཕན་གྱི་རྒྱུད་རིམ་ལ་བསམ་གཞིག་བྱེད་པར་ཐོག་མར། སེམས་ཅན་འདི་དག་བཤས་ཚོང་བྱས་པས་དཔལ་འབྱོར་འཕེལ་རྒྱས་དང་རིག་གཞུང་གི་རིན་ཐང་སྟེ་རིགས་གཉིས་ཀྱི་སྒོ་ནས་བསམ་བློ་གཏོང་དགོས་པར་འདོད། རྒྱུ་མཚན་བོད་པའི་འབྲི་གཡག་རྣམས་བོད་གངས་ཅན་པའི་དཔལ་འབྱོརའཕེལ་རྒྱས་དང་རིག་གཞུང་བསྲུང་སྐྱོབ་བྱེད་པར་འབྲེལ་བ་གཏིང་ཟབ་ཅིག་ཡོད་པས་སོ། དེས་ན་ཐོག་མར་དལ་འབྱོར་འཕེལ་རྒྱས་ཀྱི་ངོས་ནས་བཤད་ན། འགའ་ཞིག་གིས་བོད་པའི་སྒོ་ཕྱིགས་རྣམས་བཤས་ཚོང་མ་བྱས་ཚེ། འབྲོག་པ་ཚོ་ལ་མཚོན་ན་དཔལ་འབྱོར་གྱི་ཐོན་ཁུངས་བརླགས་ཚར་བ་དང་གོལ་སྤྱོད་ཀྱི་རིན་ཐང་མེད་སོང་བ་རེད་ཅེས་གླེན་གཏམ་བཤད་ཀྱི་འདུག།། འདི་ནི་དངོས་གནས་བོད་པའི་སྤྱི་ཚོགས་ལ་བསམ་གཞིགས་མ་བྱས་པ་དང་། དཔལ་འབྱོར་གྱི་ཐོན་ཁུངས་ཇི་ལྟར་འཚོལ་མིན་གྱི་དཔྱོད་ཤེས་མེད་པའི་རང་མཚང་ཙམ་དུ་ཟད། དེ་ཡང་དཔལ་འབྱོར་འཕེལ་རྒྱས་ཞེས་པ་ནི་མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་ནུས་པ་ལ་བརྟེན་ནས་ཡར་རྒྱས་ཡར་དར་འགྲོ་དགོས་པ་ལས། “སྐོ་མ་དགོས་གྲོ་མ་རྟ་འདྲ”ཞེས་པའི་དཔེ་ལྟར་ངལ་རྩོལ་སྙིང་སྟོབས་ཀྱི་སྦྱོར་བ་ལ་མ་བརྟེན་པར་དཔལ་འབྱོར་གསོག་སྒྲུབ་ཀྱི་ཐབས་ལམ་ཞིག་ཡོད་ཚོད་མི་གདའ། དེས་ན་བོད་གངས་ཅན་པའི་འབྲོག་པ་ཚོར་མཚོན་ན་སྔོན་ཡབ་མེས་དག་གི་གོམས་སྲོལ་རྙིང་པ་དང་། འཛམ་གླིང་འགྱུར་འགྲོས་ཀྱི་ཁ་ཕྱོགས་དང་མི་འཚམས་པའི་བྱ་སྤྱོད་འདིའི་རིགས་ངེས་པར་དུ་འཕྲོ་གཅད་དགོས།
བོད་ཀྱི་ཞིང་འབྲོག་པ་རྣམས་ལ་མཚོན་ན་དཔལ་འབྱོར་གསོག་སྒྲུབ་ཀྱི་ཐབས་ལམ་མམ་རིགས་ཚན་གཞན་ལ་བློ་ཁ་མི་ཕྱོགས་པར། སྒོ་ཕྱུགས་རྣམས་ཀྱི་རྐེ་ནས་འཇུ་ཅི་ཐབས་བྱས་ཏེ་བཤས་ཚོང་བྱེད་པ་འདི། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བྱེད་ཀྱི་བྱ་ཐབས་ཤིག་ལྟ་ཞོག།། མ་ཟད་དཔལ་འབྱོར་འཕེལ་རྒྱས་ཀྱི་བགག་རྡོ་ལྟ་བུར་གྱུར་ཡོད་ཅེས་བཤད་ན་བློ་ལྡན་སུས་ཡིད་ཆེས་བྱེད་མི་ནུས། རྒྱུ་མཚན། བཤས་ཉོ་བཤས་ཚོང་གཅིག་པོར་མགོ་བོ་འཁོར་ཏེ་བྱ་ཐབས་གཞན་ཞིག་ལས་འཚོ་བ་འཕེལ་རྒྱས་ཀྱི་ལམ་ཁ་གསར་བ་ཞིག་མ་བཙལ་བས་སོ། སྤྱིར་བོད་གངས་ཅན་གྱི་ལྗོངས་སུ་ཤིང་བཟོ་རིག་པ་དང་། ཚེམས་བཟོ་རིག་པ། རྡོ་བཟོ་རིག་པ། ལྕགས་བཟོ་རིག་པ་སོགས་ཀྱིས་མཚོན་པའི་ཤེས་རིག་ལག་རྩལ་གྱི་རིག་པ་སྣ་ཚོགས་ཤིག་ཡོད་ལ། བོད་པ་ཚོར་མཚོན་ན་འདིའི་ཕྱོགས་ནས་ལས་ཀ་ཡང་གང་ཙམ་བྱེད་པར་ཉམས་མྱོང་དང་སྒྱུ་རྩལ་གཉིས་ཀྱི་ཆ་ནས་འདེང་ངེ་ཞིག་ཡོད་པ་འདས་ཟིན་པའི་ལོ་རྒྱས་ལས་ཤེས། འོན་ཀྱང་ལོ་རྒྱུས་རང་བཞིན་ཅན་གྱི་བོད་རང་གི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་རིག་གནས་རྣམས་ལ་དགེང་འཇོག་གི་རིན་ཐང་དོར་ནས། འཛམ་གླིང་རྒྱལ་ཁབ་གང་གི་འགྲོ་ལུགས་དང་མི་མཐུན་ཞིང་། རང་མི་རིགས་ལ་གྱོང་རྒུད་རང་བཞིན་ཅན་གྱི་སྲོལ་ངན་ཞིག་རྒྱུན་སྐྱོང་བྱེད་པ་འདི་ཕུགས་རྒྱང་གི་འཚོལ་སྙེག་མི་ཤེས་པའི་ངང་ཚུལ་ཙམ་དུ་ཟད་དོ།
དཔེར་ན། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ས་ཁུལ་ཁག་ཏུ་བཟོ་རིག་ལག་རྩལ་གྱི་བཟོ་གྲྭ་སྣ་ཚོགས་ཤིག་འཛུགས་སྐྲུན་བྱས་ཏེ་དཔལ་འབྱོར་གྱི་ཐོན་ཁུངས་གསར་བ་ཞིག་གི་སྒོ་མོ་ཕྱེས་ཡོད་ཚེ། འདི་ལྟའི་ཆབ་དཔལ་རིག་གསུམ་གྱིས་ཕོངས་པའི་ཡུལ་ལུང་ཀྱོག་པོ་ཞིག་མིན་པར། འབྱོར་ལྡན་གངས་ཅན་གྱི་ཞིང་ཁམས་ཞེས་སུས་ཀྱང་བསྟོད་བསྔགས་ཀྱི་དབུགས་དབྱངས་སྩོལ་སའི་རྒྱལ་ཁམས་ཤིག་ཏུ་གྱུར་ཡོད་རྒྱུ་རེད། འོན་ཀྱང་སེམས་ཅན་དེ་དག་བཤས་ཚོང་བྱས་ཏེ་ཁ་གསོ་རྒྱབ་འགེབས་ཀྱི་འདུན་པ་ཙམ་ལས། མཐར་ཐུག་གི་དཔལ་འབྱོར་གསོག་སྒྲུབ་ཀྱི་ཐབས་ལམ་ཞིག་ནི་སུས་ཀྱང་བཙལ་མི་འདུག།། ཁྱད་པར་དུ་དེང་ཐོག་འབྲོག་ཁུལ་གྱི་སྐྱིད་སྡུག་ལ་ཤ་ཚ་ཡོད་མདོག་མཁན་ཚོས་ཀྱང་། ངལ་རྩོལ་གྱི་དཔུང་ཤུགས་གཅིག་ཏུ་སྒྲིལ་ནས་བཤས་ཚོང་ལས་གཞན་པའི་འཚོ་ཐབས་ཀྱི་ལམ་ཁ་གསར་བ་ཞིག་འཚོལ་དགོས་པའི་སྐུལ་མ་ཞིག་ཀྱང་མ་གནངས་པ་འདི་ཇི་འདྲིའི་ངོ་མཚར་བའི་གནད་དོན་ཞིག་རེད། ད་དུང་བཤས་ཚོང་རྒྱག་པ་དེ་བོད་པ་ཚང་གི་དཔལ་འབྱོར་གྱི་ཐོན་ཁུངས་གཙོ་བོ་ཞིག་དང་། སྔོན་ཐོན་རྒྱལ་ཁབ་ཁག་དང་མཉམ་གཤིབ་ཀྱི་བགྲོད་པའི་རམ་འདེགས་བཟང་ཤོས་རེད་ཅེས་པ་ནི་དེ་བས་ཀྱང་ངོ་མཚར་བའི་གནད་དོན་ཞིག་རེད།
དེས་ན་བཤས་ཚོང་གི་འཚོ་བ་ལ་མ་བརྟེན་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་གཞི་སྣ་ཚོགས་ཤིག་ཡོད་སྟབས། སེམས་ཅན་དེ་དག་བཤས་ཚོང་བྱས་ཏེ་འུ་ཐུག་ཐབས་ཟད་ཀྱི་རྣམ་པ་སྟོན་མི་རིགས་པར་སེམས། ད་དུང་སེམས་ཅན་དེ་དག་གི་ཐོན་སྐྱེད་ཀྱི་ཐོག་ནས་བསམ་བློ་གཏོང་ན། སེམས་ཅན་དེ་དག་དཔལ་འབྱོར་གསོག་སྒྲུབ་ཀྱི་ཐོན་ཁུངས་གཙོ་བོ་ཞིག་ཏུ་གྱུར་ཡོད་ཀྱང་། དྲིན་ཆེན་ལ་དྲིན་ལོག་དང། གཡང་ལ་རྡོ་རྡུང་ཞེས་པའི་དཔེ་ལྟར། བོད་ཀྱི་འབྲི་གཡག་རྣམས་ཀྱི་རིན་ཐང་དང་དེ་དག་གིས་སྦྱིན་པའི་ལོངས་སྤྱོད་རྣམས་གོལ་སྤྱོད་མ་ཤེས་པའི་དབང་གིས། སེམས་ཅན་དེ་དག་གིཤ་ཁྲག་གཅིག་པོ་ལས་གཞན་པའི་བཀོལ་སྤྱོད་ཡོད་སྣང་ཙམ་ཡང་མི་ཤར་བར་གྱུར་ཡོད། འོན་ཀྱང་དོན་དངོས་དེ་ལྟར་མིན་པར་འབྲི་གཡག་རྣམས་ཀྱི་གཟུགས་གཞིའི་ཕྱི་ནང་གསང་གསུམ་ན་དཔལ་འབྱོར་གྱི་ཐོན་རྫས་གཙིགས་ཆེན་དག་ཡོད། དཔེར་ན་འབྲི་མོ་རྣམས་ཀྱི་ལུས་ཟུངས་ནས་ཐོན་པའི་མར་ཆུར་གཅིག་པོ་ལ་མཚོན་ན། བོད་ཁམས་ཡུལ་ལ་བཀོལ་སྤྱོད་ཀྱི་ས་ཁྱོན་ཆེན་པོ་ཡོད་པ་སྨྲོས་མ་དགོས་ཐོག། རྒྱ་དཀར་ནག་གཉིས་ཀྱིས་མཚོན་པའི་ཕྱི་རྒྱལ་ཡུལ་གྲུ་གཞན་དང་གཞན་གྱིས་ཀྱང་མར་ཆུར་ལ་འདོད་རྔམ་གྱིས་དབུགས་རིང་བསྐྱངས་དང་སྐྱོང་བཞིན་ཡིན་པས། གལ་སྲིད་བོད་ཡུལ་ས་གནས་ཁག་ཏུ་མར་ཆུར་གཉིས་ཀྱི་བཟོ་དྲ་གསར་འཛུགས་དང་། དེ་དག་ཡུལ་ལུང་གཞན་དུ་སྐྱེལ་འདྲེན་བྱེད་ཐབས་ཀྱི་ལས་གཞི་གསར་བ་ཞིག་གི་དབུ་བསླངས་ཡོད་ཚེ། འབྱོར་མེད་འབྱོར་ལྡན་དང་། འཇོན་མེད་འཇོན་ནུས་སུ་འགྱུར་མིན་ལ་སྐྱེ་བོ་སུ་ཡང་འཆང་མོ་ཉུག།། དཔེར་ན་དགེ་བཤེས་འཇིག་མེ་རྒྱལ་མཚན་ལགས་ཀྱིས་མར་ཆུར་གྱི་བཟོ་དྲ་གསར་འཛུགས་གནངས་ཏེ་དེང་ཐོག་འཛམ་གླིང་རྒྱལ་ཕྱིའི་ཚོང་ལས་དང་མཉམ་བཤིབ་ཀྱིས་འགྲོ་ཐུབ་པ་བཟོས་ཡོད། འདི་ལྟ་བུའི་ལས་གཞི་རླབས་ཆེན་འདིས་བོད་མདོ་དབུས་སྒང་པ་རྣམས་ཀྱིས་ངེས་པར་དུ་དཔལ་འབྱོར་གསོག་སྒྲུབ་བྱེད་པར་བཤས་ཉོ་བཤས་ཚོང་གཅིག་པོའི་ངལ་བ་བསྟེན་མི་དགོས་པར་དཔལ་འབྱོར་མཁོ་སྤྲོད་ཀྱི་ལས་གཞི་གཞན་དག་ཀྱང་ཡོད་པའི་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། ད་དུང་འབྲི་གཡག་རྣམས་ཀྱི་ཁུལ་རྩིད་སོགས་ལས་ས་གདན་དང་གྱོན་ཆས་རིགས་སྣ་ཚོགས་ཤིག་བཟོ་སྐྲུན་བྱེད་སའི་བཟོ་དྲ་གསར་གཛུགས་བྱས་ཏེ། དེ་ལས་ཐོན་པའི་དངོས་རྫས་རྣམས་ཡུལ་ལུང་གཞན་དུ་སྐྱེལ་འདྲེན་དང་ཚོང་འབྲེལ་གྱི་ལམ་ཁམ་གསར་བཏོད་བྱས་ན་བཤས་ཚོང་ལས་ལྡབ་འགྱུར་གྱི་ཁེ་བཟང་ཡོད་པ་སྨྲོས་མེད་ཅིག་རེད། མདོར་ན་བཤས་ཚོང་གི་འཚོ་བ་ལ་མ་བརྟེན་པར་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་རིམ་སྣ་ཚོགས་ཡོད་པ་དང་། ཁྱད་པར་དུ་འབྲི་གཡག་རྣམས་ཀྱི་ཐོན་སྐྱེད་ཀྱི་ཐོག་ནས་ཀྱང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྐང་རྩ་ཆེན་དག་ཡོད་སྟབས། འབྲི་གཡག་རྣམས་བཤས་ཚོང་མ་བྱས་ཚེ་དཔལ་འབྱོར་གྱི་ཡོང་འབབ་མེད་ཚར་བའི་འདུ་ཤེས་འཛིན་མི་རིགས་སོ། ད་དུང་འདིའི་ཕྱོགས་ཀྱི་གླེང་སློང་སྣ་ཚོགས་བདོག་ཀྱང་སྐབས་འདིར་དེ་ཙམ་གྱིས་འཐུས་པར་གྱིས།
རིག་གཞུང་གི་ངོས་ནས་ལྟ་བ།
བོད་མི་རིགས་ཀྱི་རིག་གཞུང་གི་ངོས་ནས་བཤད་ན། བོད་པའི་འབྲི་གཡག་རྣམས་བཤས་ཚོང་བྱས་ཏེ་རིམ་བཞིན་རྩ་མེད་དུ་བཟོ་བའི་ཉེར་ལེན་ལས། བོད་རང་གི་སྲོལ་རྒྱུན་རིག་གནས་མང་བོ་ཞིག་ལ་གས་ཆག་ཚབ་ཆེན་འགྲོ་བ་སྨོས་མ་དགོས་པ་ཞིག་རེད། དཔེར་ན། བོད་པའི་འབྲི་གཡག་རྣམས་བཤས་ཚོང་བྱས་ཏེ་མེད་བརླག་ཏུ་གཏང་ན། མི་རིགས་རང་གི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་རིག་གནས་ཏེ་སྦྲ་བཟོ་ལུགས་དང་། ཐགས་འཐག་ལུགས་ཀྱིས་མཚོན་པའི་སྲོལ་རྒྱུན་རིག་གནས་རྣམས་དང། བོད་གངས་རིའི་ལྗོངས་ཀྱི་ཐུན་མོང་མིན་པའི་ཁྱད་ཆོས་ལྡན་པའི་གཤིས་ཀ་བཟང་པོ་སོགས། མདོར་ན། འབྲོག་སྦྲ་ནག་ཅན་གྱི་ཁྱད་ཆོས་ལྡན་པའི་རིག་གཞུང་མང་པོ་ཞིག་མེད་བརླག་ཏུ་རང་བཞིན་གྱི་འགྲོ་ངེས་པ་ཞིག་ཡིན་སྟབས། བོད་པའི་འབྲི་གཡག་རྣམས་བོད་པ་རང་དང་གྱེས་བྲལ་དུ་ཕྱིན་པ་ན། མི་རིགས་ཤིག་གི་རིག་གནས་དང་གྱེས་བྲལ་དུ་ཕྱིན་པ་དང་གཅིག་མཚུངས་ཡིན་པས། རིག་གཞུང་གི་ངོས་ནས་བལྟས་ན་བོད་པའི་འབྲི་གཡག་རྣམས་བོད་གངས་ཅན་གྱི་ཐིན་མུན་གྱི་རིག་གཞུང་དག་གི་ཚེ་སྲོག་གི་རྒྱུ་བ་དང་ཡོངས་སུ་འབྲེལ་བ་དམ་གཟབ་ཡོད་ཅེས་བཤད་ཆོག།།དེ་མཚུངས་དགྲ་བོ་རྒྱ་དམར་གྱི་སྲིད་ཇུས་མ་རུང་བ་འདིའི་དམིགས་མདུན་ན་བོད་པའི་འབྲོག་སྡེ་རྣམས་ཡོད་པ་དང་། འབྲོག་སྡེ་འདི་དག་མེད་བརླག་ཏུ་གཏོང་ཐུབ་ཚེ་མི་རིགས་འདིའི་ངོ་བོ་དང་རྣམ་པ་རང་བཞིན་གྱིས་འགྱུར་བའི་ཕུགས་བསམ་འོག།།འབྲོག་ཁུལ་རོང་ཁུལ་ཅན་དུ་བསྒྱུར་ཐབས་དང་། འབྲོག་པ་རྣམས་རྒྱ་གྲོང་ཅན་དུ་བསྒྱུར་ཐབས་ཀྱི་འབད་པ་སྣ་ཚོགས་ཤིག་བྱེད་བཞིན་ཡོད། དཔེར་ན། བོད་ཀྱི་གྱི་ཡུལ་ལུང་འགའ་ཞིག་ལ་འབྲི་གཡག་རྣམས་བཙོང་དགོས་པའམ་། ཡང་ན་གྲངས་ཚད་ངེས་ཅན་ཞིག་ལས་མི་ཚང་དེའི་འདོད་མོས་ལྟར་སྒོ་ཕྱུགས་རྣམས་ཉར་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་ལ་བསམ་གཞིག་བྱེད་དུས། བོད་གངས་ཅན་པའི་སྒོ་ཕྱིགས་རྣམས་བོད་པའི་རིག་གཞུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་གསལ་བོར་མཚོན་ཡོད། ད་དུང་རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་རྣམས་རང་ས་ནས་གནས་སྤོ་བྱ་ཐབས་ཀྱི་སྲིད་ཇུས་ངན་པ་ཞིག་ལག་བསྟར་བྱེད་བཞིན་པ་འདིས་ཀྱང་བོད་མི་རིགས་ཀྱི་ཁྱད་ནོར་མང་པོ་ཞིག་འབྲོག་ཁུལ་གྱི་ཡུལ་དུ་ཡོད་པ་མཚོན་ཡོད་ལ། སྤྱོ་ལོ་༢༠༡༢་ཟླ་༦་ཚེས་༡༤་ཉིན་ནུབ་ཕྱོགས་ཡོ་རབ་གྲོས་ཚོགས་ཀྱི་ཚོགས་ཆེན་ཐོག་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་ཆོད་དོན་ཚན་༡༢ཅན་ཞིག་བཞག་ཡོད་པ་མ་ཟད། དོན་ཚན་༡༢་པར”བོད་པའི་འབྲོག་པ་ཚོར་འབྲོག་ས་ནས་གཞིས་སྤོ་བྱེད་དུ་བཅུག་པ་དེས། ལོ་རྒྱས་རང་བཞིན་ལྡན་པའི་བོད་མི་རིགས་ཀྱི་ཆོས་དང་སྐད་ཡིག ཐུན་མིན་ངོ་བོ་དང་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་རྩ་མེད་བཟོ་བཞིན་པ”ཞེས་བོད་པའི་འབྲོག་པ་རྣམས་རང་འཇགས་སུ་གནས་བཅུག་དགོས་པའི་དགོས་འདུན་བཏོནཔ་དེས་ཀྱང་བོད་གངས་ཅན་པའི་རིག་གཞུང་གཙིགས་ཅེན་དག་འབྲོག་སྦྲ་ནག་ཅན་གྱི་སྒོ་ཕུག་གང་རུང་དུ་ཡོད་པ་བསྟན་ཡོད། འབྲོག་པ་རྣམས་ཀྱི་ངོ་བོ་གནས་མི་གནས་དང་དེའི་རིག་གཞུང་རྣམས་ཉམ་ཉེས་སུ་འགྲོ་མིན་དེ། འབྲོག་པ་ཞེས་པའི་མཚོན་བྱེད་ཀྱི་རྣམ་པ་གང་ཡིན་པ་དེར་གཏོར་བརླག་གཏོང་མིན་ལ་རག་ལས་པ་དེའོ།
མཇུག་བསྡུ་བ།
མདོར་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ལུགས་གཉིས་ཀྱི་འགན་དབང་བཞེས་ཏེ་འབངས་མི་རྣམས་ལ་ལགས་ཉེས་བླང་དོར་འབྱེད་བྱེད་ཀྱི་བསླབ་ཁྲིམས་གཙང་མ་གཏན་འབེབས་གནངས་པ་ནས་བཟུང་། བོད་ཆོས་ལྡན་གྱི་ཞིང་ཁམས་ལ་བདེ་སྐྱིད་ཀྱི་ཉི་མ་གསར་བ་ཞིག་ཤར་བ་རེད་ལ། ཁྱདཔར་དུ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲོམས་སྲོལགཏན་འབེབས་མཛད་པ་དེས། བོད་ཀྱི་ཆབ་དཔལ་རིག་གསུམ་ལ་སྔར་མེད་ཀྱི་དར་འཕེལ་རྒྱ་ཆེར་བྱུང་བ་རེད། ད་དུང་ཁྲིམས་ཆེན་བདུན་གྱི་སྲོག་གཅོད་སྤངས་པ་དང་། ལྷ་ཆོས་དགེ་བ་བཅུ་ཡི་ལུགས་སྲོལ་གཏན་འབེབས་མཛད་པའི་སྐབས་ཀྱི་སྲོག་གཅོད་སྤངས་པ་རྣམས་ཀྱི་དགོས་དམིགས་དང་། དེ་ལྟར་གཏན་འབེབས་མཛད་པའི་ཕན་འབྲས་སོགས་ལ་བསྐྱར་དུ་བསམ་གཞིག་གཏོང་དུས། དམ་པ་གང་གིས་ཆོས་ལུགས་དང་། ལོ་རྒྱས། རིག་གནས། མི་རིགས། ཡུལ་གོམས་གཤིས་ལུགས་ཀྱིས་ངོས་ནས་བསམ་གཞིགས་ཀྱི་འཁོར་སྐྱོད་གྲངས་མང་མཛད་པ་གསལ་བོར་རྟོགས་ཐུབ། དེས་ན་དེེང་ཐོག་བོད་པའི་སྤྱི་ཚོགས་སུ་འབྲི་གཡག་རྣམས་བཤས་ཚོང་བྱས་ཏེ། འབྲོག་པ་དང་འབྲི་གཡག་ཁ་བྲལ་དུ་གཏོང་ཐབས་ཀྱི་ལུགས་སྲོལ་ངན་པ་འདི་བཞིན་བོད་པའི་སྤྱི་ཚོགས་ལ་མཚོན་ན་གྱོང་རྒུད་རང་བཞིན་ཅན་དང་། ཆོས་ལུགས་དང་། ལོ་རྒྱས། རིག་གནས། མི་རིགས་སོགས་ཀྱི་ངོ་བོ་དང་མི་འཚམས་ཤིང་། གངས་ཅན་པའི་མིང་གི་ལྷག་མ་ཙམ་ཡང་མེད་པར་སྨུན་འཛད་ཀྱི་མར་མེ་ལྟར་འགྱུར་བའི་ལྟས་ཐོག་མ་ཞིག་ཀྱང་ལོས་ཡིན་སྙམ། རྒྱུ་མཚན་འདི་དག་ལ་གཞིག་ནས་ཁོ་བོས་ཀྱང་གངས་ཅན་པའི་གྲལ་མཐའ་འདི་ནས་ལྷག་བསམ་གྱི་སེམས་པ་དཀར་པོས་རམ་འདེགས་འོག།།དོན་དངོས་ལོ་རྒྱུས་ཀྱི་གླེགས་བམ་འགའ་དང་། དངོས་ཡོད་འཚོའི་བའི་བདེན་དོན་རྣམས་རྒྱབ་རྟེན་དུ་བགྲང་ནས་ᩏ་ᩡᨑ᩶་ཀྱི་བསམ་ཚུལ་གྱི་འཆར་སྣང་འགའ་ཡིག་ཐོག་ཏུ་ཕབ་པ་ལགས་སོ།
་༢༠༡༢་ཟླ་༧་ཚེས་༢༣་ཉིན།