མིག་ཆེ་ཙམ་གདངས་ནས་ལྟོས། བཟང་སྤྱོད་ཉམས་བཞིན་འདུག
མི འི་རིགས་ཀྱི་ཁོར་ཡུག་ནི་ཧ་ཅང་གུ་ཡངས་ཀྱི་གནས་སྟངས་ཤིག་ཡིན་འོས། དེའང་རྒྱུན་རིང་སྡོམ་རྒྱ་དང་སྒྲིག་ཁྲིམས་ནང་ཞུགས་མཁན་ཞིག་ཡིན་ན་དེ་འདྲའི་སྡོམ་རྒྱ་ལས་གྲོལ་འདོད་ཀྱི་འདུན་པ་ཡོད་ངེས། ནམ་རྒྱུན་ངས་ཉེ་འཁོར་གྱི་མི་རྣམས་ཀྱིས་རང་ཚོད་ཀྱིས་ཕན་ཚུན་ཡིད་ཆེས་ཆ་ཚང་ཡོད་པའི་སྒོ་ནས་བྱ་བ་བྱེད་ན་འགྲིག་ཡོད་པར་ངོས་འཛིན་བྱས་ཡོད། ངས་མི་རྣམས་ཀྱིས་ཕན་ཚུན་གུ་ཡངས་སྤྲད་གང་ཐུབ་བྱེད་པའི་རེ་བ་ཡོད། འོན་ཀྱང་དེ་ནི་སྒེར་སྡོམ་པ་རེ་ཟུང་གི་སེམས་སུ་ན་ཚ་རུ་གྱུར་ནས་སོ་སོ་མིན་པའི་གཞན་ལ་ཁྲིམས་ལུགས་དང་སྒྲིག་གཞི་བསྡམ་ཁུལ་གང་ཐུབ་བྱེད་ཀྱི་འདུག ངས་ཤེས་ཡོད། དེ་སྔོན་ཕ་ས་ནས་རྒྱ་འོག་ཏུ་ཁྲིམས་ཀྱི་སྡོམ་རྒྱ་སྣ་ཚོགས་སུ་བསྡད་ཡུན་རིང་བའི་བཙོན་ཟུར་ཞིག་ཡིན་པའི་རྐྱེན་གྱིས་ཀྱང་ཡིན་སྲིད། ཡུལ་གྱར་དུ་འབྱོར་མ་ཐག་ནས་སོ་སོ་དང་། སྒེར་གྱི་ཁོར་ཡུག་ཏུ་གནས་པའི་གཞན་ལའང་བཟང་པོའི་གུ་ཡངས་དང་རང་དབང་ཞིག་བསྐྲུན་གང་ཐུབ་བྱས་ཡོད་སྙམ།
འོན་ཀྱང་དེ་དང་འབྲེལ་བའི་གནད་དོན་ཆུང་ཙག་ནས་ཆེན་པོ་འགྱུར་བའི་ཉེན་ཁའང་ཇེ་མང་འགྲོ་བཞིན་འདུག དཔེར་ན་དེ་སྔོན་ཐེངས་གཅིག་ངས་དཔེ་མཛོད་ཁང་ཞིག་ནང་སོང་ནས་དཔེ་མཛོད་དེའི་དཔེ་དེབ་གཡར་མཁན་ཉུང་བའི་རྐྱེན་གྱིས་གཞན་ལ་དཔེ་དེབ་གཡར་རྒྱུ་གཙོ་འདོན་བྱེད་དགོས་པ་ལས། སྡོམ་རྒྱ་དང་སྒྲིག་ཁྲིམས་ནན་པོས་གཞན་གྱིས་འདིར་ཡོང་སྟེ་དཔེ་དེབ་གཡར་རྒྱུའང་ཉུང་དུ་འགྲོ་བའི་ཉེན་ཁ་ཡོད་པའི་སྐོར་བརྗོད་དེ་དཔེ་མཛོད་ཁང་དེར་དཔེ་ཚོགས་གཡར་སྟངས་ཀྱི་སྒྲིག་ཁྲིམས་མང་པོ་དེ་ཙམ་གྱིས་དམ་པོ་མེད་ན་བཟང་ལུགས་བཤད་པ་ཡིན། འོན་ཀྱང་དཔེ་མཛོད་དོ་དམ་པས་དཔེ་དེབ་གཡར་རྒྱུའི་སྐོར་གྱི་ཁྲིམས་སྒྲིག་ལག་བསྟར་གཙོ་བཟུང་ལས་དཔེ་དེབ་གང་མང་ཕྱིར་གཡར་བྱ་རྒྱུའི་ལས་དོན་དེ་གཙོ་བོར་ངོས་འཛིན་བྱེད་ཀྱི་མི་འདུག འོ་ན་དཔེ་མཛོད་ཁང་འདི་བཙུགས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི་མི་ཚོར་དཔེ་དེབ་གང་མང་ལྟ་ཀློག་ཐུབ་པའི་ཁོར་ཡུག་བསྐྲུན་རྒྱུ་བཞག་སྟེ་དུས་ཐོག་དཔེ་དེབ་གཡར་སྐབས་དང་ཕྱིར་སྤྲོད་སྐབས་ཤོག་བྱང་གིས་འགན་སྲུང་དགོས་པ་འདི་གཙོ་བོ་རེད་དམ།
ལས་ཀྱི་སྣེ་མོ་བ་ཞིག་ཡིན་ཚེ་གཞན་ལ་ཕན་པའི་བྱ་བ་ཅི་ཙམ་བསྒྲུབ་ཐུབ་མིན་ལ་མི་ལྟ་བ། གཞན་ལ་ནན་ཏན་གྱིས་སྟངས་འཛིན་གང་ཐུབ་བྱ་བ་དེ་འགོ་གཙོ་ཚོས་བྱེད་དགོས་པའི་བྱ་བ་གཙོ་བོ་ཡིན་ནམ། འཇིག་རྟེན་འདིར་ཡོན་ཏན་ཀུན་ལྡན་དང་སྐྱོན་ཆ་ཀུན་རྫོགས་ཅིག་ཡོང་རྒྱུ་དཀའ་བ་ཧ་ཅང་གསལ་པོ་རེད། འོན་ཀྱང་ཅོལ་ཆུང་འདི་དག་གི་ཁོར་ཡུག་ནང་དབུགས་ཀྱི་རྒྱུ་བའང་འགག་ལ་ཁད། ངས་སླར་ཡང་བཟང་པོའི་ལུགས་བོར་ནས་མི་གཤིས་ཀྱི་ལ་རྒྱ་ལ་རྡོག་རོལ་གཏོང་མཁན་འདི་དག་ལ་ཞེ་མེར་གྱི་འདུག
དེ་མིན་མི་གཞན་ལ་གང་ཐུབ་ཀྱི་ཕྱི་ཚུལ་གྱི་ངོ་ཡག་ཙམ་མིན་པར་དོན་དམ་པའི་འགུལ་སྤྱོད་ཀྱི་རང་དབང་དང་བསམ་བློའི་གུ་ཡངས་སྤྲད་རྒྱུ་གཙོ་འདོན་བྱེད་པ་དང། གཞུང་སྒོའི་བྱ་བ་སྤུས་དག་སྒྲུབ་མིན་ལ་ལྟ་རྒྱུ་ལས། དུས་ཚོད་སྐར་མ་ཏག་ཏག་ལས་ཁང་དུ་འབྱོར་མིན་དེའང་ལས་བྱེད་ཅིག་གི་བྱ་བ་གཙོ་ཆེ་ཤོས་སུ་བརྩི་མི་རུང། འོན་ཀྱང་འཇིག་རྟེན་འདིར་སྡོམ་ཁྲིམས་རྫུས་མ་ལྷ་ལ་བསྐུལ་མཁན་གྱི་གཡོ་འཕྲུལ་ཅན་འདི་དག་རེ་རེའི་སྐྱུག་བྲོ་བའི་ངོ་གདོང་རེ་རེས་ང་ལ་སྐྱུག་མེར་ཤུགས་ཆེར་བསློང་ཡོང་གི་འདུག ངས་འདི་ལྟར་ངོ་གདོང་རྫུན་མ་དག་གི་ཁོར་ཡུག་ཏུ་རང་རང་འབག་བཙོག་བཟོ་དགོས་སམ། འོ་ན་ངེས་པར་དུ་རྩུབ་པོའི་ཚིག་གིས་རང་དབང་གི་ཁོར་ཡུག་ཅིག་བརྩོན་ལེན་བྱ་དགོས་པ་རེད་དམ། ངས་རྒྱུན་དུ་དགོད་བྲོ་ཞིང་སྐྱུར་བྲི་ཁ་བའི་མི་ཚོགས་ཀྱིས་ཧམ་སེམས་དང་ཕྲག་དོགས་འདི་དག་ཤུགས་རྐྱེན་ངར་མ་ཅི་ཞིག་གིས་བསྐུལ་སློང་བྱེད་ཀྱི་ཡོད་དམ་སེམས་ཡོད་ལ། སྐབས་རེར་འདི་ནི་འཁོར་བའི་ངན་ངོན་གྱི་གདོང་གཤིས་ངོ་མའི་ཟུར་ཞིག་རེད་ཨང་བསམ་བཞིན་སེམས་ནས་མཆི་མ་འབྱིན་བཞིན་ཡོད།
ངས་གང་ནུས་ཀྱིས་གུ་ཡངས་ཀྱི་གནམ་འོག་ཅིག་དང་བག་འཕེལ་བའི་ཁོར་ཡུག་ཅིག་ལ་རེ་བ་བཅངས་ཡོད། ང་རང་དར་མའི་ལོ་འདིར་མ་སླེབས་པར་བཟང་པོ་དང་ཡ་རབ་ཀྱིས་སེམས་འགུལ་ཐེབས་པ་ལས་གཞན་ཅི་ཞིག་གིས་ཀྱང་སེམས་པ་བསླུ་མྱོང་མེད། ངས་རྒྱུན་དུ་ཆེ་ཆུང་རན་ཙམ་གྱི་བཙན་བྱོལ་སྤུན་ཟླ་ཚོའི་ཁོར་ཡུག་འདི་ནས་རྒན་པ་ཚོས་སེམས་བསམ་པ་གཅིག་གིས་གཞོན་སྐྱེས་ཚོར་གསོ་སྐྱོང་དང་གཅེས་སྤྲས་གང་ཐུབ་བྱེད་པའི་རྣམ་པ་བཟང་པོ་ཞིག་མཐོང་འདོད་ཡོད།
ངས་སྤྱི་ཚོགས་འདི་ནས་ཁྱོ་བོ་ཚོས་རང་གི་ཆུང་མ་ལ་སྙིང་གཏམ་ཆར་པ་འབབ་འབབ་འཆད་ཅིང་སེམས་ཐག་ཇེ་ཉེའི་སེམས་གཉིས་དབར་གྱི་བར་ཆད་དོར་གང་ཐུབ་ཀྱིས་སེམས་དང་བསམ་པའི་དབར་གྱི་བརྩེ་བའི་འབྲེལ་ཐག་དམ་དུ་གཏོང་བའི་རེ་བ་བཅངས་ཡོད། ངས་ཕྲུ་གུ་ཚོའང་ནག་ནོག་བཙོག་དྲིའི་མ་འབག་པར་དང་གཙང་གི་སེམས་ཁམས་དེ་གཞོན་དར་བར་གྱི་ལོ་ཚད་དུ་སླེབས་ཀྱང་ད་དུང་ཡང་ཡིད་དུ་འོང་བ་ཞིག་གཅེས་ཉར་ཡོང་བའི་རེ་འདུན་བཅངས་ཡོད། དེ་མིན་དེང་གི་ཡུལ་གྱར་བའི་ཁོར་ཡུག་འདིའི་ནང་གཅིག་གིས་གཅིག་ལ་སྐྱོན་འཐུ་བའི་ཆེད་དུ་འཚོ་བཞིན་པ་དང། གཞན་ཞིག་ལ་ནན་ཏན་གྱིས་དོགས་ཟོན་འོག་གི་གུ་དོགས་ཀྱི་མིང་ཐོགས་མེད་པའི་བཙོན་རྭ་ཞིག་བསྐྲུན་རྒྱུ་མ་ཡིན་པར་གང་ཟག་སུ་འདྲ་ཞིག་ཡིན་ཡང་གཞན་གྱི་ཡོན་ཏན་མཐོང་ནས་དེར་ཡིད་རང་དང་ཕྱོགས་ཡོངས་ནས་ཕན་རོགས་བྱ་ན་བསམ་ཡོད།
འོན་ཀྱང་ངས་དུས་མཚུངས་སུ་ཚུལ་མཐུན་མིན་ཞིང། ངོ་ལྐོགས་གཉིས་ནས་རྣོ་ངར་གྱི་ངོ་གདོང་རེ་རེ་ཐེངས་གཅིག་མིན་པར་དོན་དངོས་ཀྱི་འཚོ་བའི་ཁྲོད་ནས་མཐོང་བཞིན་ཡོད། དེ་སྔོན་སྤྱི་ཚོགས་ཐོག་སྤྲང་འཁྱམ་གྱིས་འཚོ་བ་བསྐྱེལ་དགོས་བྱུང་བ་དེ་དག་དེང་སང་གོ་དབང་ཆུང་ངུའི་གནས་ལ་འབྱོར་དུས་དེ་སྔོན་སོ་སོར་མྱངས་མྱོང་བའི་འཚོ་བའི་དཀའ་ངལ་ཡོངས་བརྗེད་དེ་སྡོམ་ཁྲིམས་རྫུན་མས་ད་ཆར་སྐྱོ་ངལ་གྱི་འཚོ་བའི་གནས་སུ་ལྷུངས་ཟིན་པའི་གཞན་ལ་དོ་ནན་བྱེད་གང་ཐུབ་བྱེད་པར་མཐོང་དུས་ང་རང་བཟོད་མ་ཐུབ་ནས་ཁོང་དགོད་ཤིག་ཤིག་ཤོར་ཡོང་གི་འདུག
དེ་སྔོན་གྲགས་ཅན་གྱི་ཤེས་ཡོན་ཅན་ཟེར་ཁུལ་ཚོའང་དེང་སང་རང་སྐྱོན་གཡག་མགོ་དེ་བཙན་གྱིས་སྦས་ཏེ་གཞན་སྐྱོན་ཁབ་རྩེ་ཙམ་ལའང་རྣོ་ངར་དང་སྐྱུག་བྲོ་བའི་ཚིག་རྩུབ་ཀྱིས་ཕ་རོལ་པོ་དམའ་སར་ཕབས་གང་ཐུབ་ལ་འབད་པ་མ་ཟད། ཡ་རབ་བོར་ཞིང་ཅོལ་ཆུང་དང་དགོད་བྲོ་བའི་བྱ་བ་གང་མང་ལ་དོ་དབྱེངས་ཤུགས་ཆེ་རུ་འགྲོ་བཞིན་རང་གཞན་གཉིས་ཀྱི་གཤེད་མར་ལངས་བཞིན་པར་མཐོང་གི་ཡོད།
སྔོན་མར་གཡོ་རྫུས་ཀྱི་འཛུམ་མདང་དང་ཁ་སྙན་ཁོག་རྩུབ་ཀྱིས་མནའ་མ་ཞིག་ལེན་ཐུབ་ཙམ་བྱུང་ནས་དེང་སེང་བུ་རྒྱུད་འགའི་ཨ་མ་གྱུར་ཚར་བའི་ཆུང་མ་ལ་ཕྱི་ནང་གསང་གསུམ་ནས་མགོ་བསྐོར་གང་ཐུབ་ཀྱིས་རང་གི་བཟའ་ཟླར་དོན་དམ་གྱི་མཐོང་ཆུང་བྱེད་དུས། ངས་དེ་སྔོན་ཁོས་དགའ་རོགས་མར་སེམས་དུང་དུང་དང་སྙིང་ཉེ་ཉེའི་བསླུ་བྲིད་ཀྱི་སྐད་ཆ་དེ་དག་ཡིད་ལ་འཁོར་བཞིན་སྐྱུག་མེར་ལངས་ཡོང་གི་འདུག
ལ་ལས་ཁ་ཆེན་པོའི་ཁེངས་གཏམ་སྒྲོག་བཞིན་དོན་དངོས་སུ་རང་གཞན་སུ་ལའང་ཕན་མེད་ཀྱི་ཅོལ་ཆུང་ལས་དེ་དག་མཐོང་དུས་རང་དབང་མེད་པར་དགོད་མོ་འཆོར་གྱི་འདུག་ལ། ངས་སྤྱི་ཚོགས་འདི་ནས་དེ་སྔོན་རང་ལ་དྲིན་ཆེ་བའི་མི་ལ་དྲིན་ལན་ལོག་མཇལ་བྱེད་བཞིན་པའང་རིག་ཡོད།
ངས་ཚོགས་འགས་ཁམ་བུ་གང་གིས་རྒྱ་མཚོ་འཐུང་འདོད་ཀྱིས་ཧམ་སེམས་ཀྱིས་ཉམས་ཆུང་མི་རྣམས་ལ་བསླུ་བྲིད་བྱེད་པར་མཐོང་ཐེངས་རེར་ངའི་སེམས་ལ་སྐྱོ་ངལ་གྱིས་ཚ་ཤར་རྒྱག་ཡོང་གི་འདུག
ངས་རེ་འགས་ལོ་མང་མཉམ་དུ་གཤིབས་འགྲོགས་མྱོང་བའི་གྲོགས་ཕོ་མོ་ལ་སྐྱོན་ནད་ཀྱིས་མནར་བའི་དུས་སུ་ཁོ་ཚོས་ངོ་ཚ་དང་ངོ་སྤགས་ཐུག་པོའི་ངན་སྤྱོད་ཀྱིས་ནད་པ་ཆག་ཚར་བའི་གང་ཟག་དེ་གཡང་ལ་གཡུགས་སོང་བའང་མཐོང་བྱུང།
ངས་གྲགས་ཅན་གྱི་མི་རེད་ཟེར་བ་དེ་ཚོས་ཕྱོགས་རྟོགས་ཚོའི་ཆེད་དུ་ཚོགས་ཕ་རོལ་པོའི་ཐོབ་ཐང་ལ་མཐོང་ཆུང་དང་། གཅིག་སྒྲིལ་གྱི་འུར་གཏམ་མཁའ་ལ་བསྐྱར་ཟློ་བྱེད་བཞིན་གཞན་གྱི་ཁེ་དབང་ལ་རྡོག་རོལ་གཏོང་སོང་བའང་རིག་བྱུང།
ངས་མིག་ནང་མཛེས་ཤིང་དེ་སྔོན་བཟང་མོ་ཞིག་ལ་ངོས་འཛིན་བྱས་མྱོང་བའི་བུད་མེད་དེས་སྐྱེས་པ་གཅིག་གི་ཆེད་དུ་སྐྱེས་པ་གཞན་དེའི་མི་ཚེ་སྡུག་ངལ་ནང་བརྫངས་ཤིང། ཁོའི་མ་འོངས་པའི་ཚེ་སྲོག་དེ་སྐྱོ་གདུང་ལ་བཙན་གྱིས་སྦྱར་སོང་བའང་མཐོང་ཡོད།
ངས་སྤྱི་ཚོགས་འདི་ནས་ཨ་མ་བཟང་མོའི་ཆོ་ལོ་རྫིགས་པོ་ཞིག་ཅོད་པན་དུ་རྒྱན་ཏེ་ཁྱོ་ག་གཞན་དང་ངན་འབྲེལ་གྱིས་གཡོ་ཇུས་འོག་ནས་རང་གི་བཟའ་ཟླ་ཕྱི་མིའི་ལམ་དུ་བསྐྱེལ་བའི་མ་ཡུམ་གྱི་མཚན་སྙན་གྲགས་ལ་གནོད་པའི་ཧ་ལས་ཤིང་ཧོན་ཐོར་དུ་བཅུག་པའི་བྱ་ངན་དེ་འདྲའང་མང་པོ་ཐོས་ཡོད།
ད་ང་ལ་ཅིའང་བཤད་མ་ཡོང། ངས་ཀྱང་ཅིའང་ཉན་འདོད་མེད། ངས་འགྲོ་བ་མིའི་རིགས་ཡོངས་ལ་བདེ་བ་མཁོ་ཤིང་སྡུག་བསྔལ་མི་དགོས་པར་སྔ་ས་ནས་ཤེས་ཡོད། ངས་མི་རྣམས་ད་ཆ་དོན་གྱི་སྙིང་པོ་དང་བྲལ་ཞིང་བློ་གྲོས་ཀྱི་ཟམ་པ་མེད་པའི་རྒྱ་མཚོའི་འགྲམ་ནས་རྒྱལ་ཁའི་ཕ་མཐར་བརྒལ་ཐབས་བྲལ་བའང་ཤེས་ཡོད།
ངས་ཁྱོད་དག་གིས་སྒེར་ལ་དག་ཐེར་ཡོང་ཐབས་ཀྱི་གཡོ་ཚིག་ཅི་འདྲ་ཡིན་ཡང་རྩ་བ་ནས་ཉན་འདོད་མེད། གང་ཡིན་ཟེར་ན། ཁྱོད་ཚོས་དཔྱོད་ཤེས་ཀྱི་མིག་ཡོད་པའི་གང་ཟག་ཡོངས་ཀྱི་གནམ་ས་འདི་ནས་བླ་མའི་བཀའ་དང་འགལ་ཏེ་རང་གི་སྦ་མོས་ཁེབས་ཐབས་མེད་པའི་ངན་སྤྱོད་སྤེལ་སོང། དོན་ངོ་མར་ཁྱོད་ཚོས་རང་གཞན་གཉིས་ཕུངས་ཀྱི་བྱ་བ་བྱེད་པར་ཐེ་ཚོམས་ཙམ་ཡང་ཤེས་ཀྱི་མེད་པར་ངས་རྟོགས་ཡོད།
ངས་འདི་ལྟར་བསམ་བཞིན་བསམ་བཞིན། དོན་དམ་པར་མགོ་ནག་མིའི་སྤྱི་ཚོགས་འདིར་དེང་སང་དུས་མཐའ་སླེབས་པ་རེད་ཟེར་བ་དེ་བདེན་པ་མཐོང་ཡོད་ལ། དེང་རབས་རེད་ཟེར་བའི་དུས་འདི་ནས་མིའི་སྤྱི་ཚོགས་སུ་ལུས་སེམས་གཉིས་ཀྱི་བཟང་སྤྱོད་རིམ་གྱིས་ཉམས་བཞིན་པ་ཤེས་ཡོད། སེམས་ལ་སྐྱོ་ངལ་གྱིས་འཚང་ཡོང་དུས་༸ས་སྐྱ་པཎ་ཆེན་གྱི་སྐད་ཆ་དེ་སླར་ཝ་ལེར་ཡིད་ལ་འཁོར་བྱུང། ས་སྐྱ་པཎ་ཆེན་ལགས། ཁྱེད་ཀྱི་གསུངས་པ་ཅིས་མི་བདེན། མི་ཚོས་ ༼རང་གི་བདེ་བ་ཐམས་ཅད་གཞན་གྱི་སྡུག་བསྔལ་དང། གཞན་གྱི་བདེ་བ་ཐམས་ཅད་རང་གི་སྡུག་བསྔལ་༽དུ་ངོས་འཛིན་པ་ལས་གཅིག་མཚུངས་ཀྱིས་ཤ་ཁྲག་གིས་གྲུབ་པའི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་༼གཞན་གྱི་བདེ་བ་དེའང་རང་གི་བདེ་བ་ཡིན། གཞན་གྱི་སྡུག་ངལ་དེའང་རང་གི་སྡུག་བསྔལ་ཡིན།༽པར་ངོས་ལེན་བྱེད་ཤེས་ཀྱི་མི་འདུག་ལགས།།
༢༠༡༢ ལོའི་ཟླ་༥ ཚེས་༣༡ ཉིན་རང་ཁྱིམ་དུ་བྲིས།
