ཀརྨ་པ། ཁོང་ནི་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྗེས་མ་དེ་རེད་དམ།

རྩོམ་པ་པོ།ཕོལ་རྦི་རན་ཌིས་རོ་ཞེན་རྦུའུ་ཞི། བསྒྱུར་མཁན།རྩིས་ཆེ་ལེགས་མཐོང་།

ཐོག་མར་ལྟ་སྐབས། རྒྱལ་དབང་ཀརྨ་པ་བཅུ་བདུན་པ་འདི་ནི་ལྟ་མི་ཕོད་པ་ཞིག་ཏུ་འདུག །ཁོང་ནི་སྐྱེས་སྟོབས་ཀྱི་དཔལ་འབར་ལ། ལྷན་སྐྱེས་ཀྱི་གདེང་སྤོབས་ཆེ་བ། ལྟ་བཟོ་དོད་པ་ཞིག་དང་། ཁོང་ཕར་ཚུར་ཕེབས་པའི་སྐབས་སུ་ཡང་བོད་ཀྱི་ནང་པའི་དབུ་ཁྲིད་ཆེན་པོ་ཞིག་དང་མི་འདྲ་བར་གཟུགས་སྟོབས་འབྲིང་བའི་ཁུ་ཚུར་རྩེད་འགྲན་པ་ཞིག་དང་མཚུངས།

དགུང་ལོ་ཉེར་དྲུག་ཏུ་སོན་པ་འདི་ཉིད་ཁང་པའི་ནང་དུ་ཕར་ཚུར་ཕེབས་སྐབས་མཚམས་མཚམས་སྐད་སྒྱུར་བའི་ལྷན་དུ་སྐུ་རྩེད་ཆུང་ཙག་རིགས་གནང་བ། གད་མོ་སློང་བ་སོགས་བྱེད་པ་དང་། གཞན་གྱིས་འཚེར་སྣང་དང་བཅས་ཏེ་སྡེར་མའི་ནང་ཕྱི་རྒྱལ་གྱི་བག་ལེབ་འབུལ་སྐབས་མིག་ཅུང་ཟད་བརྫིས་ཏེ་ལྟ་བ་སོགས་བྱེད། ཕྱིས་སུ་ཁོང་གིས་སྒེར་པའི་ཆོས་ཀྱི་བྱ་བ་དང་འཛམ་གླིང་སྤྱི་ཡི་གནད་དོན་ཐད་གཏམ་བཤད་གནང་སྐབས་ཁོང་གི་རང་བཞིན་དངོས་ཏེ། སྐྱེས་སྟོབས་ཀྱི་རྩལ་ཡོངས་སུ་རྫོགས་ལ། མགྱོགས་མྱུར་འཛམ་གླིང་གི་ཆོས་ལུགས་ཀྱི་དབུ་ཁྲིད་ཆེན་མོ་ཞིག་ཏུ་འགྱུར་བའི་རང་བཞིན་དེ་གསལ་པོར་མངོན་དུ་གྱུར་པ་མཐོང་གི་འདུག 
དཔལ་རྒྱལ་དབང་ཀརྨ་པ་མཆོག་ནི་ཕལ་ཆེར་མི་ལོ་དགུ་བརྒྱའི་གོང་ཙམ་དུ་དར་བའི་བོད་ཀྱི་ཀརྨ་བཀའ་བརྒྱུད་པའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་སྤྲུལ་པའི་སྐུ་ཞིག་རེད། ཀརྨ་བཀའ་བརྒྱུད་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའི་ནང་ནས་གཅིག་ཡིན་པ་དང་། མི་འབོར་གྱི་ཆ་ནས་བོད་མིའི་ནང་པ་རྣམས་ལས་བརྒྱ་ཆ་ཉི་ཤུ་ཙམ་ཟིན་ཅིང་། འཛམ་བུའི་གླིང་གི་ཕྱོགས་གང་སར་དགོན་པ་དང་ཆོས་ཚོགས་ཁག་བརྒྱ་ཕྲག་མང་པོ་ཡོད་པ་ཞིག་རེད། ཉེ་ཆར་རྒྱལ་ས་ཝ་ཤིང་ཊོན་གྱི་འཛམ་གླིང་ཞི་བདེར་དམིགས་པའི་དུས་འཁོར་དབང་ཆེན་ལ་ཀརྨ་པ་ལྷན་ཞུགས་བྱས་ཤིང་། སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ནི་བོད་ཀྱི་ཆོས་བརྒྱུད་བཞི་གས་ཆོས་ལུགས་སྤྱིའི་དབུ་ཁྲིད་དུ་ངོས་འཛིན་ཞུ། ཀརྨ་པས་བཀའ་མོལ་ག་དུས་གནང་ནའང་ཁོང་ཉིད་རྗེས་མ་ཏཱ་ལའི་བླ་མར་འགྱུར་བའི་གླེང་སློང་ཐད་ཧ་ཅང་སུན་པའི་རྣམ་འགྱུར་བཅས་གསུང་དོན། “ ང་རྗེས་མ་རྒྱལ་བ་རིན་པོ་ཆེ་ཆགས་ཀྱི་མ་རེད། དེ་མི་སྲིད་པའི་སྐད་ཆ་རེད།” དེ་འདྲ་ཁོ་ན་གསུངས་ཀྱི་འདུག
ཁོང་ཉིད་རྗེས་མ་རྒྱལ་བ་རིན་པོ་ཆེར་མི་འགྱུར་བ་དེ་ཆོས་བརྒྱུད་ཀྱི་ཆ་ནས་གསལ་པོ་ཡིན་ཀྱང་། ཁོང་ལ་དབུ་ཁྲིད་དེ་འདྲ་བྱེད་པར་ཆོས་ཀྱི་མཁྱེན་དཔྱོད་དང་ཆབ་སྲིད་ཀྱི་རླབས་སོགས་གང་ཅིའི་ཐད་ནས་རྩལ་རྫོགས་བཞིན་པ་རེད་འདུག །འབྱུང་འགྱུར་གྱི་ལོ་ཡི་ནང་དུ་ཕལ་ཆེར་རྒྱ་བོད་ཀྱི་གནད་དོན་གཙོ་བོའི་ཐད་ལ་ཡང་ཀརྨ་པས་ཕྱག་ལས་གལ་ཆེན་གནང་ས་རེད། རྒྱ་ནག་གཞུང་གིས་ཀརྨ་པའི་ཐོབ་དབང་ཐད་ངོས་ལེན་བྱས་ཡོད་པ་དེའི་རྒྱུ་མཚན་གྱིས་ད་ལྟ་མུ་མཐུད་འགྲོ་བཞིན་པའི་འཐབ་རྩོད་འདིའི་ཐད་ལ་ཁོང་ནི་རླབས་ཤུགས་ཆེ་བའི་གྲོས་མོལ་བ་ཞིག་ཏུ་འགྱུར་བའི་རེ་བ་འདུག །
ཀརྨ་པས་གནད་དོན་འདི་ནི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་གི་སྒྲོམ་གཞིར་འཛུལ་གྱི་འདུག །ཁོང་གིས་གསུངས་དོན། “ རྒྱ་ནག་གཞུང་གིས་ངོས་འཛིན་མ་ཐུབ་པའི་གནད་དོན་རྣམས་ལས་གཙོ་བོ་ནི་བོད་མི་ཚོས་འབོད་སྐུལ་བྱེད་བཞིན་པ་ནི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་བཅས་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་དེ་དགོས་ཞེས་བརྗོད་ཀྱི་ཡོད་པ་རེད། རྒྱ་ནག་གིས་དེ་ཉིད་ཆབ་སྲིད་ཀྱི་སྒྲོམ་གཞི་ཞིག་ཏུ་ངོས་འཛིན་གྱི་འདུག །ཡིན་ན་ཡང་བོད་མི་རྣམས་ཆབ་སྲིད་པ་ཞིག་མ་རེད།” ཅེས་གསུངས།
དཔལ་ཀརྨ་པས་ལས་སླ་པོའི་ཐོག་ནས་གསལ་བཤད་གནང་དོན། “ ང་ནི་རྒྱ་ནག་གི་ངོ་རྒོལ་བ་ཞིག་མིན། ང་རང་ཆོས་ལུགས་ཀྱི་བླ་མ་ཞིག་ཡིན་པའི་ཆ་ནས་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ལ་འབད་བརྩོན་བྱེད་ཀྱི་ཡོད། དེར་བརྟེན་ང་ནི་རྒྱ་ནག་གིས་མཚོན་པའི་སུ་དང་གང་གི་ཡང་ངོ་རྒོལ་བ་ཞིག་མིན། འོན་ཀྱང་ངས་དྲང་བདེན་གྱི་དོན་དུ་འཐབ་རྩོད་བྱེད་ཀྱི་ཡིན་ལ་དྲང་བདེན་དེ་སུས་ཀྱང་ཤེས་པ་ཞིག་དགོས། “ ཞེས་གསུངས།
ཀརྨ་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐུགས་བསམ་བཞེས་རྒྱུ་འདི་ནི་བོད་མི་རྣམས་ཀྱི་ཕ་ཡུལ་གྱི་གནད་དོན་གྱི་ཆེད་ལས་ཀྱང་ཚད་གཞི་མཐོ་བ་ཞིག་རེད། ཁོང་གིས་ད་བར་ཕོ་མོའི་ཐོབ་ཐང་འདྲ་མཉམ་དགོས་པའི་སྐོར་བོད་དང་ནང་པའི་སྤྱི་ཚོགས་ཀྱི་ཁྲོད་གསུང་བཤད་སྤེལ་ཡོད་ཅིང་། ནང་ཆོས་དང་ཚན་རིག་གི་ལྟ་གྲུབ་ཀྱི་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་ཡོད། འོན་ཀྱང་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་ཤུགས་ཆེན་ཡོད་པ་དེ་ལས་ལྷག་པ་ཞིག་གཞན་གང་གིས་ཀྱང་ཕལ་ཆེར་ཁོང་གི་ཁྱད་ཆོས་དེ་གསལ་པོ་སྟོན་ཐུབ་མེད། ནེའུ་ཡོག་ཏུ་བོད་མི་སྟོང་ཕྲག་གཉིས་ལྷག་འཛོམས་པ་དེར་ཁོང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་ལས་འཕྲོས་ཏེ་གསུངས་བཤད་གནང་སྐབས་དེར་ཡོད་ཀྱི་མི་ཐམས་ཅད་ཧོན་འཐོར་དགོས་པ་བྱུང་ཡོད་ཅིང་། འགའ་ཤས་ཀྱིས་ཁོང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་སངས་རྒྱས་ [Green Buddha] ཞེས་མཚན་འདོགས་ཀྱང་བྱས་ཡོད། ༢༠༠༩ ལོར་རྒྱལ་དབང་ཀརྨ་པས་བཀའ་བརྒྱུད་པའི་གྲྭ་བཙུན་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ་ཐད་ཚོགས་འདུ་ཐེངས་གཉིས་སྐོང་ཚོགས་བྱས་ཤིང་། དེའི་གྲུབ་འབྲས་སུ་གྲྭ་བཙུན་གྱི་དགོན་སྡེ་བཞི་བཅུ་ལྷག་གིས་ཤིང་སྣ་འདེབས་འཛུགས། རི་དྭགས་སྲུང་སྐྱོབ། འཐུང་ཆུ་བསྲི་ཚགས། ཆུད་ཟོས་དོ་དམ། བསྐྱར་གསོའི་ཐོན་ཁུངས་རང་བཞིན་གྱི་དངོས་རྫས་རྣམས་བེད་སྤྱོད་གཏོང་བ་སོགས་ཀྱི་སྒོ་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཏན་འབེབས་བྱུང་ཡོད།
ཁྱེད་ལ་ནང་ཆོས་ནང་གི་བསླབ་བྱ་གང་ཞིག་གིས་དམིགས་བསལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་སེམས་འགུལ་ཐེབས་ཀྱི་འདུག་གམ་ཞེས་དྲིས་པ་ན། ཀརྨ་པས་དྲི་བ་འདི་ལས་སླ་པོ་རེད་གསུང་དོན། “ ནང་ཆོས་ཀྱི་ནང་དུ་ང་ཚོས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཐབས་བྱེད་དགོས་ཞེས་བཤད་ཡོད། གལ་སྲིད་ང་ཚོར་སེམས་ཅན་གཞན་པར་བདེ་སྐྱིད་དང་ཕན་འདོགས་ཐུབ་པའི་གོ་སྐབས་བྱུང་བ་ཡིན་ན། ང་ཚོའི་ངོས་ནས་དེ་ལ་སྤྲོ་སྣང་དང་ལྷག་བསམ་རྣམ་དག་གི་ཐོག་ནས་བརྩོན་དགོས་ཀྱི་ཡོད། ཁོར་ཡུག་ནི་འགྲོ་བ་མིའི་རིགས་ཙམ་མིན་པར་འཛམ་བུའི་གླིང་འདིར་ཡོད་པའི་སེམས་ཅན་སྤྱིའི་འཚོ་རྟེན་རེད། དེར་བརྟེན་གལ་སྲིད་ང་ཚོས་ཁོར་ཡུག་གི་གནད་དོན་ལ་གུས་བརྩི་དང་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན། ང་ཚོས་སེམས་ཅན་གྲངས་མེད་པ་ལ་ཕན་འདོགས་ཐུབ་ཅིང་། དེ་ལ་ང་ཚོའི་ནང་ཆོས་ཀྱི་ནང་དུ་ཐབས་མཁས་པའི་ཉམས་ལེན་ཟེར། ང་ཚོས་སྤྱིར་བཏང་མི་ཞིག་ལ་དགོས་པའི་དུས་སུ་ཞལ་འདེབས་འདྲ་སྤྲོད་ཐུབ་མོད། དེ་ནི་ཚད་ངེས་ཅན་ཡོད་པའི་གཞན་ཕན་ཞིག་རེད། འོན་ཏེ་གལ་སྲིད་ང་ཚོས་ཧི་མ་ལ་ཡའི་གངས་རི་རྣམས་དང་ས་ཆ་དེ་དག་ནས་འབབ་པའི་ཆུ་བོ་རྣམས་སྲུང་སྐྱོབ་བྱེད་ཐུབ་པ་ཡིན་ན། ང་ཚོས་ཉ་ཡི་རིགས་དང་། མིའི་རིགས་དང་། སེམས་ཅན་གཞན་གྲངས་མེད་པ་ཞིག་ལ་འཚོ་གནས་སྦྱིན་ཐུབ་ཀྱི་ཡོད། དེའི་ཕྱིར་ནང་པ་ཞིག་གི་ངོས་ནས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་སེམས་ཅན་རྣམས་ལ་ཕན་འདོགས་པར་གོ་སྐབས་ངོ་མཚར་བ་ཞིག་རེད། བྱ་བ་ཆུང་ངུ་ཞིག་གིས་སེམས་ཅན་མང་པོ་ལ་ཕན་འདོགས་ཐུབ་པ་མ་ཟད། དེ་ནི་ང་ཚོ་ཐེག་པ་ཆེན་པོའི་ཆོས་ལུགས་ནང་འབྱུང་བའི་སྙིང་རྗེའི་ཉམས་ལེན་གྱི་སྙིང་པོ་ཡང་རེད། “ ཅེས་གསུངས།
ནུབ་ཕྱོགས་ཀྱི་ལུང་པ་འདིར་ནང་ཆོས་ཀྱི་མན་ངག་དང་ནང་ཆོས་ཀྱི་ཉམས་ལེན་ལ་དོ་སྣང་བྱེད་མཁན་གྱི་གྲངས་འབོར་འཕར་ཚད་མཐོ་བ་འདིའི་ཁྲོད་དུ་མི་མང་པོས་ཀརྨ་པ་ཉིད་ཆོས་ཀྱི་དབུ་ཁྲིད་ཞིག་ཡིན་པའི་གནད་དོན་འདིའི་ཐད་དམིགས་བསལ་གྱི་དོ་སྣང་སྤྲོད་པ་རེད། མི་འབོར་མང་ཆེ་བའི་སེམས་ལ་དྲི་བ་གལ་ཆེ་ཤོས་ཤིག་ཡོད་པ་ནི་བོད་ཀྱི་མཐོ་སྒང་དུ་གཞི་རྩ་ཧ་ཅང་ཟབ་མོ་ཚུགས་པའི་ནང་ཆོས་ཀྱི་སྲོལ་རྒྱུན་འདི་ཉིད་མ་ནོར་བ་དང་མ་འཁྲུགས་པར་ནུབ་ཕྱོགས་ཀྱི་མི་རྣམས་ཀྱིས་ཇི་ལྟར་བྱས་ནས་གོ་རྟོགས་ཡོང་བ་དང་ཇི་ལྟར་བྱས་ནས་ཉམས་སུ་ལེན་དགོས་སམ་ཞེས་པ་དེ་རེད། དཀའ་ངལ་འདི་ཉིད་ལ་ཀརྨ་པས་ཐབས་མཁས་པོས་གཡོལ་ཐབས་བྱེད་ཀྱི་མི་འདུག
ཁོང་གིས་གསུང་དོན། “ནང་པའི་བསྟན་པ་འདི་ཉིད་བོད་དུ་རང་རྐང་ཚུགས་པ་དང་། བར་ཆད་མེད་པ། ཕལ་ཆེར་ལོ་ཆིག་སྟོང་ཙམ་གྱི་ཡུན་དུ་གསང་བའི་ཐོག་ནས་དར་བ་དེས་བོད་འདིར་ནང་ཆོས་ཀྱི་གཞི་རྩ་ཚུགས་ཐུབ་པ་ཞིག་བྱུང་ཡོད། ཕྱི་རོལ་གྱི་བྲེལ་ཟིང་སོགས་ཀྱི་འགལ་རྐྱེན་མེད་པར་བརྟེན་བོད་མི་རྣམས་ཀྱིས་ནང་ཆོས་ལ་གཏིང་ཟབ་མོར་ཞུགས་ཐུབ་པ་དང་། ཉམས་ལེན་གྱི་གོམས་འདྲིས་ཧ་ཅང་ཟབ་མོ་འཇོག་ཐུབ་པ་བྱུང་བ་རེད། བོད་ཡུལ་ལ་ཡོད་པའི་རྒྱ་ཆེ་བ་དང་གུ་ཡངས་པའི་གནས་སྟངས་དེ་ཉིད་ཀྱིས་བོད་མི་རྣམས་ལ་ནང་ཆོས་ཀྱི་ཉམས་ལེན་ལ་རྩེ་གཅིག་ཏུ་འབད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། ཡིན་ན་ཡང་ནུབ་ཕྱོགས་ཀྱི་ལུང་པ་ནི་དེ་དང་མི་འདྲ་བར། རྣམ་གཡེང་དང་འཚང་ཁ་ཆེ་བའི་གྲོང་ཁྱེར་འདི་དག་གི་ཁྲོད་དུ་ཆོས་ཀྱི་ཉམས་ལེན་བྱེད་པར་དུས་ཚོད་དེ་ཙམ་མེད། དེར་བརྟེན་ཡུལ་ལུང་འདི་ཚོར་ནང་ཆོས་ཀྱི་གཞི་རྩ་ཡག་པོ་ཞིག་ཚུགས་པར་ཕལ་ཆེར་དཀའ་ལས་ཏོག་ཙམ་ཞིག་ཡོད་པ་འདྲ།” ཞེས་གསུངས།
སེམས་ཤུགས་གཅོག་པའི་གནད་དོན་འདི་ཉིད་གསུངས་རྗེས་ཡང་ཁོང་གིས་མུ་མཐུད་དུ་གསུང་དོན། “ འོན་ཏེ་ཕྱོགས་གཞན་ཞིག་ནས་བལྟས་ན། གཅིག་བྱས་ན་ང་ཚོས་བྲེལ་ཟིང་གི་གནས་སྟངས་འདི་ཉིད་ཐབས་མཁས་པོའི་ཐོག་ནས་ང་རང་ཚོས་ཆོས་ཀྱི་ཉམས་ལེན་ཡག་པོ་བྱེད་ཐུབ་པའི་མཐུན་རྐྱེན་དུ་བསྒྱུར་ཐུབ་པ་ཞིག་རེད། ནང་ཆོས་ཀྱི་ནང་དུ་ཕྱི་རོལ་སྣང་བའི་བཤེས་གཉེན་ཞེས་པ་ཞིག་བཤད་ཡོད། དེའི་དོན་ནི་ང་ཚོའི་ཉིན་རེའི་མི་ཚེའི་ནང་སྣང་མྱོང་བྱུང་བའི་ཆོས་གང་ཡིན་ཀྱང་། དེ་དག་གིས་ང་ཚོར་ཆོས་རྣམས་ཀྱི་རང་བཞིན་དང་། ཆོས་དག་ཕན་ཚུན་རྟེན་འབྲེལ་ཡིན་པའི་ཐད་གོ་རྟོགས་ཟབ་མོ་ཞིག་སྤྲོད་ཀྱི་ཡོད། ཅེས་པའི་དོན་རེད། དེས་ན་བོད་ཀྱི་ནང་ཆོས་ནི་དད་པ་ལ་གཙོར་འདོན་བྱེད་པའི་ཆོས་ལུགས་ཤིག་དང་། དེ་ཡང་ཆོས་དང་མཐུན་པའི་དད་པ་ལ་འབད་བརྩོན་བྱས་པ་དེ་ཉིད་ཀྱིས་གྲུབ་འབྲས་རྒྱ་ཆེན་པོ་ཞིག་ཐོབ་པ་ཡིན་ཅིང་། ཕལ་ཆེར་དེང་དུས་དང་ནུབ་ཕྱོགས་ཀྱི་ནང་ཆོས་ནི་བརྟག་དཔྱད་དང་བློ་གྲོས་ཀྱི་ནུས་པ་འདོན་པའི་སྒོ་ནས་ཕན་ཐོགས་ཆེན་པོ་འབྱུང་བའི་ནང་ཆོས་ཤིག་ཏུ་འགྱུར་གྱི་རེད། དེར་བརྟེན་ཕལ་ཆེར་ང་ཚོས་དད་པ་ལས་ཀྱང་བློ་གྲོས་ལ་བརྟེན་པ་ཡིན་ན་ཕན་ཐོགས་ཤུགས་ཆེ་བ་འབྱུང་ས་རེད། གལ་སྲིད་ང་ཚོས་དེ་ལྟར་བྱས་པ་ཡིན་ན། ངའི་བསམ་པར་ནང་ཆོས་འདི་ཉིད་དེང་དུས་དང་ནུབ་ཕྱོགས་ཀྱི་འཛམ་གླིང་འདིར་གཞི་རྩ་བརྟན་པོ་ཞིག་ཚུགས་པའི་རེ་བ་ཆེན་པོ་མཐོང་གི་འདུག” ཅེས་གསུངས།

མ་རྩོམ་ཡོང་ཁུངས།
www.huffingtonepost.com
(དྲ་གནས་འདི་ནི། ཨ་རིའི་དྲ་གནས་གྲགས་ཆེ་ཤོས་ཤིག་ཡིན་ཅིང། སྔ་རྗེས་སུ་མི་དམངས་ཀྱི་བསམ་ཚུལ་དྲང་པོར་བརྗོད་པ་སོགས་ཀྱི་ཐད་ལ་བྱ་དགའ་མང་པོ་ཐོབ་ཡོད། འདི་ཉིད་གྲགས་ཆེ་བའི་རྒྱུ་མཚན་གཙོ་བོ་ཞིག་ནི། ཚན་རིག་མཁས་པ་དང་། ཆབ་སྲིད་མི་སྣ། འཁྲབ་སྟོན་པ། ཆོས་ལུགས་ཀྱི་མི་སྣ་གལ་ཆེན་དག་གི་དཔྱད་རྩོམ་དང་གནས་ཚུལ་སྤེལ་བས་རེད།)

ལྕགས་མོ་མཚོའི་ཟིན་བྲིས《གཡུ་ཞུན་དྲྭ་བ》ལས་དྲངས།