དམིགས་བསལ་ཚོགས་ཆེན་ལ་ཁྲིམས་ལུགས་ཀྱི་ནུས་པ་ལྡན་དགོས།
དམིགས་བསལ་ཚོགས་ཆེན་ལ་ཁྲིམས་ཀྱི་ནུས་པ་ལྡན་དགོས།
ནགས་ཕྲན་པ་བསོད་ནམས་ཚེ་རིང་།
རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བོད་ནང་གི་གནས་བབས་ནི་མི་རབས་ནས་མི་རབས་བརྒྱུད་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་ཕྱི་ལོ་༢༠༠༨ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་བོད་མི་རྒན་གཞོན་སེར་སྐྱ་ཕོ་མོ་དབྱེ་བ་མེད་པས་“༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་ཞུ་དགོས་པ་དང་།
བོད་རང་བཙན་ཡིན་པ། བོད་ལ་རང་དབང་དགོས་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་”བཅས་ཀྱི་དགོས་འདུན་དང་འབོད་སྒྲ་གཅིག་གྱུར་བསྒྲགས་ནས་རྒྱ་ནག་ལ་ཞི་བའི་ངོ་རྒོལ་གྱེན་ལངས་བྱས་ཡོད་པ་རེད། དེ་ནས་བཟུང་བོད་ནང་ཁུལ་དུ་སྔ་ན་མེད་པའི་ཆིག་སྒྲིལ་དང་ལ་རྒྱ། སྙིང་སྟོབས་བཅས་ནི་མེ་རི་བཞིན་འབར་ཏེ་བོད་རང་དབང་སླར་གསོ་བྱ་བའི་ཆེད་དུ་བོད་ནང་ནས་རང་ལུས་མེ་རུ་སྦར་མཁན་(༤༤)ཡང་འཛམ་གླིང་ནང་མང་ཤོས་ཀྱི་གནས་ཚུལ་ཞིག་ཆགས་ཡོད།
རྒྱ་དམག་གིས་བོད་མི་ཞི་རྒོལ་བ་དམར་གསོད་བཏང་བ་དང་། འཛིན་བཟུང་བཙོན་འཇུག་བྱས་པ། གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ནི་དོན་དངོས་ཐོག་སུ་གང་གིས་བསྡོམས་རྩིས་མི་ཐུབ་པའི་གནས་སུ་གྱུར་པ་རེད། གཞན་མི་སེར་ལ་གཅར་རྡུང་བྱས་པ་དང་། ཁྱིམ་ཚང་སྔོག་བཤེར་བྱས་པ། རྒྱུ་དངོས་རྐུ་འཕྲོག་བཅོམ་གསུམ་བྱས་པའི་གནས་ཚུལ་ཡང་རྒྱུན་ལྡན་ཞིག་ཡིན་པས་བོད་ནང་གི་བོད་མི་ཚོའི་ཉིན་རེའི་འཚོ་བའི་ནང་གདོང་ལེན་བྱེད་དཀའ་བའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། བོད་ནང་དུ་ཛ་དྲག་གི་གནས་ཚུལ་རེ་ལྷག་མ་ཐག་ཏུ་རྒྱ་གཞུང་གིས་བརྡ་འཕྲིན་གྱི་བརྒྱུད་ལམ་ཡོངས་རྫོགས་སྒོ་རྒྱག་གི་ཡོད་ལ། འཇིགས་སྐུལ་ཁོ་ན་ལ་བརྟེན་ནས་གནས་ཚུལ་ཕྱིར་མི་གྱར་བའི་ཆེད་དུ་བོད་མིའི་ཁ་འགོག་ཐབས་ཀྱང་བྱེད་ཀྱི་ཡོད། ཡིན་ནའང་བོད་མི་ཚོས་ཐབས་བརྒྱ་ཇུས་སྟོང་གིས་གནས་ཚུལ་ཕྱིར་བསྒྲགས་བྱས་པ་ལ་བརྟེན་ནས་རྒྱལ་སྤྱིའི་ཐོག་གནས་ཚུལ་ག་ལ་གང་འཚམས་སླེབས་ཐུབ་ཀྱི་ཡོད་པ་དང་། འཛམ་གླིང་མི་མང་གི་ནང་དུ་ཡང་བོད་དོན་གནས་ཚུལ་ཐད་དོ་སྣང་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། ཡིན་ནའང། བོད་མིས་རང་དབང་གི་ཆེད་དུ་བློས་གཏོང་དང་འཐབ་རྩོད་ཀྱི་ཆེད་དུ་དཀའ་ལས་བརྒྱབ་པའི་གནས་ཚུལ་དང་བསྡུར་ནས་བལྟས་པ་ཡིན་ན། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་དང་རང་དབང། དྲང་བདེན་དང་འདྲ་མཉམ། འཚེ་བ་མེད་པ་དང་ཞི་བདེའི་ཁ་གཡང་སྒྲོག་མཁས་པའི་སྟོབས་ཆེན་རྒྱལ་ཁག་དག་གི་ལྷག་བསམ་དང། དྲང་བདེན་ལ་ཡང་དོགས་པ་ཞིག་རང་བཞིན་གྱིས་སྐྱེས་ཡོང་བ་ལྟ་བུར་གྱུར་ཡོད།
གང་ལྟར་བོད་ནང་གི་བོད་མི་ཚོས་བོད་དོན་འཐབ་རྩོད་ནི་བོད་མི་རང་ཉིད་ཀྱིས་བྱེད་དགོས་པ་དང་། དེ་ཡང་གཙོ་བོ་གཞིས་བྱེས་གཉིས་ཀ་ཆིག་སྒྲིལ་དང་གཅིག་གྱུར་གྱི་ཐབས་ཤེས་ཟུང་འབྲེལ་བྱེད་དགོས་པར་ཡིད་ཆེས་བྱས་ནས། བཙན་བྱོལ་བོད་མིས་འདེམས་བསྐོ་བྱས་པའི་དབུ་ཁྲིད་དག་ལ་ཡིད་ཆེས་བློ་གཏད་ཀྱིས་རྒྱབ་སྐྱོར་གྱི་རྣམ་པ་མངོན་སུམ་འཛེམས་མེད་ཀྱིས་སྟོན་བཞིན་ཡོད་པ་དང་། བཙན་བྱོལ་དུ་ཡང་གཞིས་བཞུགས་བོད་མི་རྣམས་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་པའི་ཆེ་མཐོང་དང་བརྩི་བཀུར་འགྱུར་བ་མེད་པའི་ཐོག་ནས་ནུས་ཤུགས་གང་ཡོད་ཀྱིས་བོད་ནང་གི་བོད་མིའི་དཀའ་ངལ་སེལ་ཐབས་དང། རང་དབང་སླར་གསོ་བྱ་བའི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད། ལྷག་པར་དུ་སྐབས་བཅུ་བཞི་པའི་བཀའ་ཤག་གསར་པ་འདེམས་བསྐོ་བྱས་པ་ནས་བོད་རྒྱ་འབྲེལ་མོལ་གྱི་གནས་བབས་དང་། རྒྱལ་སྤྱིའི་གནས་བབས་འོག་གི་བོད་དོན་འཐབ་རྩོད་བྱེད་ཕྱོགས། བཙན་བྱོལ་བོད་མིའི་ལས་འགུལ་སྤེལ་ཕྱོགས་བཅས་ལ་དུས་བསྟུན་དགོས་ངེས་ཀྱི་འགྱུར་བ་འགྲོ་བཞིན་པ་ཡང་གཞིས་བྱེས་བོད་མི་མང་གི་མངོན་འདོད་དང་མཐུན་པར་འགྱུར་བཞིན་ཡོད་པའི་ཡིད་ཆེས་བྱེད་ཆོག་པར་སྙམ།
ཡིན་ནའང། འབྱུང་འགྱུར་ཕྱི་ཟླ་༩ པའི་ཟླ་མཇུག་ཏུ་འཚོག་རྒྱུའི་དམིགས་བསལ་ཚོགས་ཆེན་ནི་དོན་དངོས་ཐོག་བཙན་བྱོལ་བོད་གཞུང་གིས་གཞིས་བྱེས་བོད་མི་མང་གི་མངོན་འདོད་ལྟར་གཞུང་གི་ལངས་ཕྱོགས་ཤིག་དང། འཐབ་རྩོད་ཅིག་བྱེད་ཀྱི་ཡོད་མེད་ལ་ཚོད་དཔག་བྱེད་སའི་སྡིངས་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། རྒྱལ་སྤྱིའི་ངོས་ནས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་བྱེད་ཕྱོགས་ཀྱི་ལམ་ཁ་ངེས་ཅན་ཞིག་འོང་མིན་སོགས་མ་འོངས་བོད་མིའི་རྩ་དོན་རྩོད་ལེན་གྱི་ཁ་ཕྱོགས་ལ་ཤུགས་རྐྱེན་ནུས་ལྡན་ཅན་ཞིག་ཏུ་འགྱུར་ཡང་སྲིད་པས། ཚོགས་ཆེན་ཐོག་བྱུང་བའི་བོད་མི་མང་ཚོགས་ཀྱི་བསམ་ཚུལ་རྣམས་ལས་བསྡོམས་སྙན་ཐོ་ཞིག་གི་ངོ་བོར་མི་འཇོག་པར། ཁྲིམས་དོན་གྱི་ནུས་པ་ཡོད་པ་དང། དོན་དངོས་ཀྱི་ལག་ལེན་ཡོད་པ་ཞིག་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དུ་གྱུར་ཡོད་པར་འདོད།
དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་གཏན་ཁེལ་བའི་གནས་ཚུལ་ཕྱིར་བསྒྲགས་བྱུང་བ་ནས་རྩོམ་པ་པོ་དང་ཤེས་ཡོན་པ་དག་གིས་གཙོས་པའི་དོ་སྣང་ཅན་གྱི་མི་མང་གིས་བསམ་ཚུལ་སྣ་ཚོགས་བཤད་ཀྱི་ཡོད་པ་དང་། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་འབྲས་ལ་ཕྱིར་ལྟ་དང་། ཉམས་མྱོང་ལ་དབྱེ་ཞིབ་བྱས་པའི་དཔྱད་བརྗོད་ཀྱང་གང་མང་ཞིག་བརྒྱུད་ལམ་འདྲ་མིན་ཐོག་ཐོན་བཞིན་ཡོད་པ་དག་ལ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་བཀོད་སྒྲིག་པ་དག་གིས་ཉན་འཇོག་བྱེད་འོས་པར་མཐོང་ལ། ད་དུང་བོད་ནང་གི་ཛ་དྲག་གནས་ཚུལ་བྱུང་རྐྱེན་དང་། བོད་རྒྱའི་འབྲེལ་མོལ་གྱི་གནས་བབས། དབུ་མའི་ལམ་གྱི་གནས་བབས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་གནས་བབས། རང་ལུས་མེར་སྲེག་གཏོང་མཁན་དག་གི་འབོད་སྒྲ་དང་ཁ་ཆེམས། བོད་རྒྱ་ཆེའི་མི་མང་གི་བསམ་པའི་མངོན་འདོད་བཅས་ལའང་ཡང་རྒྱུ་འབྲས་དཔང་བཞག་གི་ཞིབ་མཇུག་མཐིལ་ཕྱིན་བྱེད་དགོས་པ་དང་། དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་སྐབས་ཀྱི་རྒྱབ་གཉེར་སྙན་ཐོའི་ཆབ་སྲིད་དང་འབྲེལ་བའི་དོན་ཚན་དག་ལ་ཡང་བསྐྱར་ཞིབ་དང་བདག་སྤྲོད་བྱ་དགོས་པའི་དུས་ལ་བབ་ཡོད་པར་འདོད། །
༢༠༡༢ ཟླ་ ༧ ཚེས་ ༡༡ ཉིན། ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས།
མཆན། བོད་ཀྱི་བང་ཆེན་གསར་ཤོག་༢༠༡༢ ལོའི་ཕྱི་ཟླ་༧ ཚེས་༡༨ ཐོག་འགྲེམས་སྤེལ་བྱས།