ཐད་གཏོང་།

བསམ་བློའི་འོད་ཁ་དུ་བས་བསྒྲིབས།

ལ་རྒྱའི་བདག་མོར་སྤྲིངས། ༢༠༡༢/༧/༢༤

མ་བཅོས་སེམས་ཀྱི་མཆེད་གྲོགས་ཡིད་འོང་མ། །

ན་ཟླ་བསད་པའི་ཁྲག་གི་མཚོ་ཁ་ནས། །

གབ་རེས་འུར་རེས་བྱས་ནས་ལུས་སྲིད་ལ། །

ནམ་ཞིག་ཕམ་ཁའི་དོང་ནང་ལྷུང་ཡང་ངེས། །

སེམས་སྡུག་དེ་ལས་ཆེ་ཞིག་གང་ན་གདའ། །

 

ཁྱོད་ཤི་ང་གསོན་གཉིས་ཀྱི་འཐབ་ར་ནས། །

ལ་རྒྱ་འཕྲོག་རེས་བྱས་ཏེ་ཆིག་སྒྲིལ་ཕུང་། །

མཁས་མིང་འཐེན་རེས་བར་ནས་སྤྱི་དོན་བརྗེད། །

མདུན་སྐྱོན་རྟ་ཕོའི་བང་ཁ་ཆུ་ལ་བསྐྱུར། །

རྒྱལ་ཁའི་དར་ཆ་སུ་ཡིས་བདག་སྐྱོང་བྱེད། །

 

ཤེས་རིག་རྒྱ་མཚོར་ཉུལ་བའི་སློབ་མ་ཉུང་། །

མཐོང་རྒྱའི་བསམ་བློའི་འོད་ཁ་དུ་བས་བསྒྲིབས། །

མ་རབས་སྤྱོད་པའི་ཤན་གྱི་ལམ་སྣེ་མང་། །

དམིགས་ཡུལ་ངེས་གཏན་མེད་པའི་ན་གཞོན་ཚོ། །

མེས་པོའི་དུར་སར་ཟ་ཉུལ་འཐུང་ཉུལ་བྱེད། །

 

སྤོབས་པའི་མགོ་འཕང་མཐོ་བ་ས་ལ་འགྱེལ། །

ཕྱི་སྤྱོད་ལམ་ངན་ཞུགས་པའི་འཁུན་སྒྲ་མཐོ། །

ནམ་ལང་ཉིན་ཉལ་བྱས་པའི་ལུགས་སྲོལ་ཆེ། །

གཤིས་བཟང་མེ་ཏོག་ཚོམ་བུ་སེར་བས་བཅོམ། །

རླུང་རྟ་དར་བའི་རེ་བསྒུགས་སུ་ཡིས་བྱ། །

                              སེར་སྨད་བློ་དགའ་ཡིས་ནགས་གསེབ་ནས་སྤེལ།