༄༅ ཁ་བ་ཅན་དུ་མཚོ་ཆེན་བྲི་ནས་བྷོ་ཊའི་ཡུལ་གྱི་བཀོད་པ་ཆགས།།
བྲག་སྤྲེལ་ཁྱོ་ཤུག་ཟུང་དུ་འདུས་པས་གཙང་མའི་རིགས་ཀྱི་མགོ་ཁུངས་རྙེད།།
སྤུ་བོའི་ཐ་ཆུང་མཐའ་རུ་སྤྱུགས་པས་ཡར་ལུང་ཕྱུག་མོར་ཞབས་ཀྱིས་བཅགས།།
རྗེ་འཚོལ་འབངས་མིའི་གཉའ་བར་བཏེགས་པས་བཙན་པོའི་རྒྱལ་རབས་འདི་ནས་གྱེས།།
སྤུར་རྒྱལ་བཙན་པོའི་སྟོབས་ཤུགས་ཡར་འགྲོས་སུམ་གཉིས་ས་ཁྱོན་ལེབ་ཀྱིས་གླེབས།།
སྣང་བྱེད་དམ་ཆོས་ཉི་མ་གཞོན་ནུས་བོད་ཡུལ་མུན་པའི་སྨག་ལ་གཟན།།
བསླབ་གཞི་རིག་བྱེད་ཡིག་གེའི་ཕྱི་མོ་མཛངས་བློན་ཐོན་མའི་ཐུགས་ལས་འཁྲུངས།།
ཀུན་སྙོམ་དྲང་བའི་ཁྲིམས་ཡིག་ཞལ་ལྕེ་མངའ་འབངས་བདེ་བའི་གསོས་སུ་གྱུར།།
རིམ་བྱོན་བཙན་པོའི་ཐུགས་སྟོབས་མ་གུད་མངའ་ཐང་མཐའ་རྒྱ་ཤར་ལྷོར་བཀྱེད།།
ཆེན་པོའི་བོད་ཁམས་ལུགས་གཉིས་རྒྱ་ལས་འདའ་མེད་གཅིག་གྱུར་རྒྱ་ཡིས་བཏབས།།
ཆེ་དགུའི་རལ་བ་གདན་དུ་བྱས་པས་གྲགས་སྙན་དཀར་པོ་སྲིད་ན་འབར།།
ལུགས་ཟུང་གསེར་འཁོར་བླ་ན་མཐོ་བས་རྒྱལ་འབངས་སྐྱིད་པའི་གདུང་རབས་སྙན།།
དར་མ་འུ་དུམ་ལོག་ལམ་འཕྱན་པས་སྐྱིད་པའི་རྒྱལ་རབས་མཐའ་ལ་གཏུགས།།
ཡེར་པའི་བྲག་ནས་དཔལ་རྡོར་ཁྲོས་པས་བཙན་པོའི་རྒྱལ་རབས་རྩད་ནས་སྐེམ།།
གངས་རིའི་ལས་དབང་མར་འགྲིབ་ཞིག་གི་ཆོས་སྲིད་དར་མའི་ལང་ཚོ་རྒས།།
རྒྱལ་བློན་མདུན་གྲལ་དབུས་ནས་ཞིག་པས་སྲིད་དཔལ་རིག་གསུམ་མཐའ་ནས་སྡུས།།
མཐའ་མིའི་དམག་གིས་མཐའ་རྣམས་བཅོམ་ཚེ་ནང་རྩོད་འཁྲུགས་པ་དབུས་ནས་བསླངས།།
ཁོལ་བུའི་སྲིད་དབང་འཕྲོག་རེས་བྱས་རྐྱེན་མཐའ་མིའི་དམག་ལ་གོ་སྐབས་རྙེད།།
ནང་ཁུལ་འགལ་ཟླའི་ངོ་ལེན་ཆེད་དུ་ཕྱི་མིའི་དཔུང་ལ་རྒྱབ་རྟེན་བཅོལ།།
དོན་ཆུང་རྒྱལ་ཕམ་ཉི་ཚེའི་ཆེད་དུ་བཙན་འཛུལ་མཐའ་དམག་དབུས་སུ་བསུས།།
སྡེ་སྲིད་གཙང་པའི་ཅོལ་ཆུང་རང་གཤིས་ཐབས་ཤེས་ཟུང་གིས་ཡོངས་སུ་དབུལ།།
ལྔ་པ་བློ་ཐུང་ཙབ་ཙུབ་མང་བས་ཧོར་སོག་གངས་རིའི་གཤེད་དུ་ཕབ།།
རྒྱ་སོག་ཆེན་པོའི་མངའ་ཐང་རྒྱས་དུས་བོད་ཡུལ་རང་བཙན་གཙང་མའི་སྟོངས་།།
ལེ་ལན་ལྔ་པ་རང་ལ་ཐུགས་པ་རྒྱ་ཧོར་འོག་གི་རང་སྐྱོང་ཕལ།།
ཨ་འབྲུག་དམག་གིས་གཡུལ་བཤམས་བྱས་ཀྱང་ཕན་པ་མ་གྱུར་གཞན་ཡུལ་གྱར།།
ཉིས་སྟོང་བརྒྱད་ལོར་ཡར་ལངས་བྱས་ཀྱང་ཤི་གོད་བཙོན་འཇུག་སྔར་ལས་མང་།།
སྤུན་ཟླ་མང་པོས་རང་ལུས་བསྲེགས་རུང་མཐོང་ཐོས་ཤེས་པའི་མི་རེ་ཉུང་།།
གྲོགས་མེད་གཅིག་པུར་ཁས་ཞན་དབང་ཆུང་བོད་མའི་ལས་དབང་ཡིད་རེ་སྐྱོ།།