ན་གཞོན་གཞས་མ་ཚེ་དབང་ལྷ་མོས་འདི་ལྟར་འཇིག་རྟེན་ལ་ངོ་བསྟན་འདུག
སྒྱུ་རྩལ་ལ་དུང་བ་ཟབ་ཅིང་གནས་ལུགས་ལ་ཡིད་རྟོན་ཆེ་བའི་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུའི་ཐལ་སྒྲའི་ཀློང་ནས། སྙན་གྲགས་ཀྱི་གཟི་འོད་ནམ་ཡང་ཉམས་མ་མྱོང་བའི་ན་གཞོན་གཞས་མ་ཚེ་དབང་ལྷ་མོ་ནི། རིགས་རུས་གདོང་དམར་བོད་ཀྱི་ཤ་ཁྲག་ལས་ཆད་ཅིང་། ལྟེ་ཁྲག་མདོ་ཁམས་བྲག་མགོའི་ཡུལ་གྱི་ཚར་བ་ཞེས་པའི་གྲོང་སྡེ་དེར་འཐོར་ནས་ཆེས་ཐོག་མར་ཞིང་པ་དཀྱིལ་མ་ཞིག་གི་གོ་ཁ་ནས་འཇིག་རྟེན་ལ་ངོ་བསྟན།
དེ་ལྟར་ཡུན་གྱིས་ཁོ་མོ་སྡེ་འདབས་ཀྱི་བྱིས་པ་སྣབ་ལུག་ཚོ་དང་མཉམ་དུ་ར་ལུག་གི་སུག་རྗེས་དང་ཞིང་ཁའི་སྙེ་མ་དང་འགྲོགས་ཏེ། ལོ་དྲུག་ལ་བུད་དུས་སྣ་ལུད་དང་དཔེ་ཁུག་མཉམ་དུ་དྲུད་དེ་རང་ཡུལ་གྱི་སློབ་ཆུང་གི་སྒོ་ཐེམ་འགྲིམས་འགོ་བརྩམས་ཤིང་། དུས་དེ་ནས་བཟུང་ཁོ་མོས་འཛམ་གླིང་ཧྲིལ་བོར་བལྟ་བའི་མིག་སྔུན་གྱི་ཡོལ་རས་ཐོག་མ་ཡང་དེ་ནས་ཕྱེས་ཡོད་ཅེས་བཤད་ནའང་ཆོག
གླུ་གར་རིག་གནས་ཀྱི་ཐེམ་རྐས་རིམ་པར་བརྒྱུད་དེ་2007ལོར<<ལྷ་སའི་རི་བོ་ཐང་ལྷའི་>>གླུ་གར་ཁང་དུ་། གླུ་གར་སྒྱུ་རྩལ་ལ་བྱང་ཆ་དང་གོམས་འདྲིས་ཡོད་པའི་དགེ་རྒན་འགའ་བསྟེན་ཏེ་ཉེ་རབས་དང་། དེང་རབས་ཀྱི་གླུ་གར་སྒྱུ་རྩལ་དང་ཟློས་གར་རིག་གནས་རྣམས་ལ་སྦྱང་བརྩོན་བྱས། ཁོ་མོའི་གཞུང་དྲང་གི་གཤིས་རྒྱུད་འཇམ་པོ་དེ་དང་འགྲན་བྲལ་གྱི་མཛེས་མའི་བྱད་གཟུགས། ད་དུང་སྙན་འཇེབས་ཀྱི་ངག་གི་འགྱུར་ཁུགས་དག་ལ། གླུ་གར་ཁང་དེའི་སྐུ་མགྲོན་ཚོའི་དགའ་བསུ་དང་ཆེ་བསྟོད་མངོན་དང་ཤུགས་ནས་ཐོབ་ཡོད་པ་མ་ཟད། རྒྱལ་ཕྱི་ནང་གི་བོད་རིགས་མང་ཚོགས་ཀྱིས་དགའ་བསུ་བར་མེད་དུ་ཐོབ་པ་དེ་ནི། གཞས་མ་ཁོང་ལ་མཚོན་ན་མི་ཚེའི་གདམ་གསེས་ཀྱི་མདུན་ལམ་ཡངས་པོར་ཕྱེ་བའི་གྲུབ་ཆ་གཙོ་བོ་ཞིག་ཀྱང་གྱུར་ཡོད། ཡིན་ནའང་དཀའ་སྡུག་གི་རིམ་པ་གཏན་ནས་མ་བརྒྱུད་པར་གང་འདོད་ཀྱིས་བདེ་མོའི་ལམ་ཁ་དེར་བུད་སོང་བ་ཞིག་ནི་ག་ལ་ཡིན་ཏེ། གོ་རིམ་དེ་དག་གི་ནང་དུ་འཚོ་བའི་དཀའ་ཁག་གི་ཁུར་བོ་ཐོད་ཀྱིས་བསུས་ཤིང་། འཚོལ་སྙེག་དང་ངལ་རྩོལ་གྱི་རེ་བ་སེམས་ལ་རུམ་དེ་དེ་རིང་གི་ལམ་ཁ་འདིར་བུད་འདུག
ཉིན་མཚན་གྱི་རེས་མོ་ཡུན་གྱིས་བཞུད་ནས2008ལོར་ཐོན་དུས་<<ཁྲུང་ཆེན་ན་གཞོན་གླུ་གར་སྒྱུ་རྩལ་འགྲན་ཚོགས་>>སུ་ཞུགས་ཏེ། ཨང་རིམ་གྱི་རྟགས་ཐམ་ཐོབ་པའི་སྟེགས་བུ་མཚར་དུ་སྡུག་པ་དེ་ནས་ཨང་གཉིས་པའི་བྱ་དགའ་ཐོབ། ཞིབ་མོར་བསམས་ན་ནོར་གནག་དང་ནས་གྲོའི་གྲིབ་མར་འགྲོགས་ནས་ལག་ཆགས་པའི་བོད་མོ་གཤའ་མ་ཞིག་གིས་རིགས་རུས་དང་གོམས་གཤིས་མི་གཅིག་པའི་ཡུལ་ཁག་གང་ཞིག་ཏུ། ན་གཞོན་སྟོང་ཕྲག་མང་པོའི་ཐོབ་ཤོར་བར་ནས། གོ་ལ་ཧྲིལ་བོའི་འཕྲིན་ལམ་ཡངས་པོར། ཨང་རིམ་གཉིས་པའི་བྱ་དགའ་བླངས་སོང་བ་འདི་སུ་ཚང་གི་གཟི་བརྗིད་ཅིག་དང་གང་ཚང་གི་སྤོབས་པ་ཞིག་ཏུ་བརྩི་ལོས་ཆོག
གཞན་ད་དུང་ལོ་དེ་ལ་ལྷ་སར་བསྡུས་པའི་བུན་ཁྲོན་ས་འགུལ་རོགས་སྐྱོར་གླུ་དབྱངས་དགོང་ཚོགས་དང་2009ལོའི་མཚོ་སྔོན་ཇོ་མོ་གླང་མའི་གཟི་འོད་དང་ལོ་སར་དགུང་ཚོགས། 2010 ལོར་སི་ཁྲོན་ཁྲིན་ཏུར་བསྡུས་པའི་ཡུལ་ཤུལ་ས་འགུལ་རོགས་སྐྱོར་གླུ་དབྱངས་ཚོགས་པ་སོགས་སུ་ཞུགས་ནས། སྙན་ལ་མཐོ་བའི་གླུ་ངག་གིས་སྐྱོ་བའི་མགོ་མནན་ཞིང་ཕྲ་ལ་འཇེབས་པའི་འགྱུར་ཁུགས་ཀྱིས་སྡུག་གི་སེམས་གསོས་པ་སོགས་ལྟོས་བཅས་ཀྱིས་བཤད་ན་ཡོད་དང་ཡོད་ངེས་པ་རེད། <<ནག་ཆུ་སྐོར་བྲོ་>>ཞེས་པའི་ཟེར་སྡེར་དེ་ནི་ཁོ་མོས་མི་ཡུལ་ལ་བཞག་པའི་ཆེས་ཐོག་མའི་ལེགས་སྐྱེས་ཡིན་གཤིས་ཁོ་མོར་མཚོན་ན་མིའི་གྲལ་ནས་མགོ་བོ་བཀྱགས་བྱེད་ཀྱི་ནམ་ལངས་སྐར་མ་དེ་རེད་ཅེས་བརྗོད་ཀྱང་ཆོག ད་དུང་“གནས་མཆོག་ལྷ་ས་དང་། སྐལ་བཟང་མེ་ཏོག དྲན་གླུ་”སོགས་ཆེད་བསྒྲིགས་ཟེར་སྡེར་འགའ་དང་། བོད་ཁུལ་གྱི་ཟེར་སྡེར་མང་པོར་ངག་གི་འགྱུར་ཁུགས་མངོན་དུ་ཕྱོགས་མྱོང་ཞིང་། 2012 ལོར་ཕ་སྐད་གཙང་མའི་གླུ་དབྱངས་ཆེད་སྒྲིག་གི་བརྙན་འཁོར་གསར་བ་ཞིག་འགྲེམས་སྤེལ་བྱས་པ་དེ་ལ་ཡང་། ཁོ་མོའི་གླུ་སྐད་ལ་དུང་ཞིང་རང་གཤིས་ལ་དགའ་བའི་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། ལོ་དེར་ཁོ་མོ་ཨ་རི་གྲོང་ཁྱེར་ནིའུ་ཡོག་ཏུ་ཡོང་སྐབས་ཀྱང་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་དང་བསྟོད་བསྔགས་བར་མེད་དུ་ཐོབ་ཡོད་པ་དང་།
གཞས་མ་ཁོང་ནི་གཞན་དང་མི་མཚུངས་གང་དང་མི་མཉམ་པའི་ཕྲ་ལ་གསེང་མཐོ་ཞིང་སྙན་ལ་ཡིད་འགུག་པའི་གླུ་སྐད་དེ་དང་། བལྟས་ན་ཚིམ་པ་མེད་ཅིང་བཅར་ན་ངོ་གནོང་དགོས་པའི་མ་བཟང་བུ་མོའི་སྐྱེས་གཟུགས་དེ་ཡིས་བསྒྲགས་པ་མིན་རུང་དོན་གྱིས་གྲགས་ཤིང་། སྦར་བ་མིན་རུང་ངང་གིས་འབར་ཏེ། དེང་རབས་བོད་ཀྱི་ན་གཞོན་ཁག་གི་ཁྲོད་ན་རི་བོ་ལྟར་མགོ་མཐོ་ལ་རྒྱ་མཚོ་ལྟར་གཏིང་ཟབ་པའི་ན་གཞོན་གཞས་མ་ཞིག་ཏུ་གྱུར་ཡོད་ཟེར།