རྩོམ་ཉུག
ཚེ་འདིའི་དྲིན་ཆེན་མ་ལོ།
དྲིན་ཆེན་མ་ལོ་དྲན་པའི་གདུང་དབྱངས།
རྩོམ་ཡིག་འདི་སྤེལ་ལོང་མ་བྱུང་བའི་ལོ་མང་ཕྱིན་ཡང་ཕལ་ཆེར་རྐུ་ཁྱེར་བྱུང་ཡོད་སྲིད། ཧ་གོ་ངེས་ཡོད་ན་གསུང་རོགས།
ལྷོ་སྤྲིན་རླུང་གིས་གཏོར་བའི་ཕྱི་དྲོ་རེད། །
ཁེར་འགྲོ་གོམ་པས་རྒྱ་ལམ་ཉུལ་བའི་དུས།།
སྟོན་ལོ་ས་ལ་ཟགས་པའི་ཤག་སྒྲའི་ཁྲོད།།
ཨ་མའི་མ་ཎིའི་དབྱངས་རྟ་རྣ་བར་འཁོར།།
ནམ་མཁའ་སྐར་མས་གང་བའི་མཚན་མོ་རེད།།
བསིལ་བསིལ་རླུང་བུ་གདོང་ལ་ཕོག་པའི་དུས།།
དྲན་གདུང་མཆི་མ་བསྐྱིལ་བའི་མཚེའུ་ངོགས་སུ།།
ཨ་མའི་ཞལ་རས་ཟླ་གཟུགས་བཞིན་དུ་སྐྱོམས།།
ཁྱི་སྐད་རྒྱང་ཟུག་ཆེ་བའི་མཚན་མོ་རེད།།
རྣམ་ཤེས་རྨི་ལམ་ཞིང་ལ་འགྲིམ་པའི་དུས།།
བྱམས་ལྡན་ཨ་མ་ཐེངས་གཅིག་མཇལ་བ་རྨིས།།
དགའ་སྐྱོའི་ཟུག་རྔུ་མ་བཟོད་མགུལ་ལ་འཁྱུད།།
དྲིན་ཆེན་མ་ལོའི་ཕྱག་ཟུང་ཉོམ་པོ་ཡིས། །
བུ་ངའི་མགོ་ལ་བྱིལ་བྱིལ་བྱས་པ་ན།།
དགའ་སྤྲོའི་སེམས་པ་ཁེངས་བཞིན་ཨ་མ་ཡི།།
པང་ལ་མགོ་བོ་བཞག་ནས་ངལ་ཞིག་གསོས།།
ནམ་ལངས་ཉེ་བའི་ཐོ་རེངས་ཤར་བའི་ཚེ། །
དེ་ཕོས་ལངས་བརྡའི་ཅོང་སྒྲ་སྒྲོག་པའི་དུས།།
སྐྱིད་པའི་རྨི་ལམ་བར་ཆད་དབང་དུ་ཤོར།།
ཨ་མ་དྲན་པའི་གདུང་བས་སླར་ཡང་མནར།།
བློ་བཟང་ཕུན་ཚོགས་ཀྱིས་ཕྱི་ལོ་༢༠༠༧ ཕྱི་ཟླ་༣ ཚེས་༩ ཉིན།