བདེན་པའི་མེ་ལྕེ་སྐོར་བསྐྱོད་ལ་བལྟ་བ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༦ ཕྱི་ལོ་ ༢༠༡༢/༧/༢༥
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་མི་མང་ལས་འགུལ་ཞིག་ཕྱི་ཟླ་༧ ཚེས་༦ ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་འགོ་འཛུགས་བྱས་ཡོད་པ་དང་།

ཕྱི་ཟླ་༡༢ པའི་ཚེས་༡༠ རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་མཇུག་བསྡོམས་ཀྱིས་ས་ཡིག་བསྡུ་རུབ་བྱས་པ་དེ་དག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁང་སོ་སོར་ཉིན་གཅིག་དུས་གཅིག་ཏུ་འབུལ་ལམ་ཞུ་རྒྱུ་ཡིན་འདུག་པ་དང། ལས་འགུལ་འདི་ལ་དུས་ཡུན་ཟླ་༥ དང་ཉིན་༤ ཙམ་འགོར་གྱི་ཡོད་པ་རེད།

ལས་འགུལ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་བྱེད་བཞིན་པའི་མི་མང་གི་ལས་འགུལ་ཞིག་ཡིན་པ་དང། གཞུང་སྒེར་གྱི་སྒྲིག་འཛུགས་སུས་སྣེ་ཁྲིད་བྱས་ཀྱང་མི་མང་གི་ལས་འགུལ་ཡིན་པ་ལས། གཞུང་སྒེར་གྱི་སྒྲིག་འཛུགས་བྱེ་བྲག་པ་ཞིག་གི་ལས་འགུལ་དུ་གཏན་ནས་འགྱུར་མི་སྲིད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་ལས་འགུལ་མང་དག་ཅིག་སྤེལ་མྱོང་ཡང། དེ་དག་ཚང་མ་སྣེ་ཁྲིད་བྱེད་མཁན་གཞོན་ནུ་ལྷན་ཚོགས་ཡིན་པ་ལས། མི་མང་གི་ལས་འགུལ་མ་ཡིན་པར་སུ་གཅིག་གིས་རྩོད་གླེང་བྱེད་མྱོང་མེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་གཞིས་བྱེས་བོད་མི་མང་གི་ཚབ་མཚོན་གྱི་ཐོག་ནས་འདེམས་བསྐོ་བྱས་པ་ཞིག་ཡིན་པས། ལས་འགུལ་འདི་ལ་མཚོན་ན་དེ་བས་ཀྱང་མི་མང་གི་ལས་འགུལ་ཡིན་པ་སྨོས་མེད་རེད།

ཁག་ཅིག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཁྲིམས་བཟོ་མཁན་ཡིན་པ་ལས། ལས་འགུལ་སྣེ་ཁྲིད་མཁན་མིན་པའི་བསམ་ཚུལ་བཤད་མཁན་ཡོད་འདུག་ལ། བསམ་ཚུལ་དེ་ཡང་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་གི་མི་སེར་དུ་གྱུར་ཟིན་པ་ཞིག་ལ་མཚོན་ན་དེ་ལྟར་མཐོང་བར་ཐུགས་ཁག་རྩ་བ་ནས་མེད། སྟོབས་ཆེན་ཨ་རི་ལ་མཚོན་ན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོ་དང་འགན་དབང་མི་འདྲ་བ་ཞིག་ཡོད་ལ། དེ་མཚུངས་བཞིན་རང་དབང་རང་བཙན་ཡོད་པའི་རྒྱལ་ཁབ་གཞན་ཁག་གི་གནས་སྟངས་ཀྱང་མི་འདྲ་བ་ཞིག་ཡིན། འོན་ཀྱང་བཙན་བྱོལ་བོད་མིའི་དམིགས་ཡུལ་གཙོ་བོ་དེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་པའི་ནང། “ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང་”ཞེས་རང་དབང་རང་བཙན་མེད་པའི་མི་རིགས་ཤིག་གི་དམིགས་བསལ་གྱི་འགན་ཁུར་དང་ལས་དོན་ལྷག་མ་ཞིག་ཡོད་པ་གསལ་སྟོན་བྱས་ཡོད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང། འཛིན་སྐྱོང་བཀའ་ཤག་གང་ཡིན་ཡང་གཙོ་ཆེ་ཤོས་དང་ཉིན་རེའི་ལས་དོན་གྱི་ནང་ནས་མང་ཤོས་བོད་ཀྱི་རྩ་དོན་རྩོད་ལེན་གྱི་ཐོག་ཏུ་གཏོང་དགོས་པ་ལས། རང་དབང་ཡོད་པའི་ལུང་པ་དག་གི་གནས་བབས་དང། རང་དབང་རྩོད་ལེན་བྱེད་བཞིན་པའི་སྐྱབས་བཅོལ་བ་ཞིག་གི་གནས་བབས་གཉིས་ཞྭ་དཔེ་ལྷམ་འགེབས་ཀྱིས་མཚུངས་བསྡུར་བྱེད་པ་འདི་རིགས་ནི། ད་ལྟའི་གནས་བབས་ཀྱི་ཐོག་ནས་བདེན་ཁ་དུས་ནམ་ཡང་སྟེར་འདོད་མེད་པ་ཞིག་ཏུ་གྱུར་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་མི་མང་གི་ལས་འགུལ་ད་བར་ཉུང་དྲགས་པ་ལས། མང་དྲགས་པའི་སྐྱོན་མེད་ལ། ལོ་འདིའི་ལས་འགུལ་འདི་ཡང་གང་འཚམ་གྱིས་ནུས་ཤུགས་དང་གྲུབ་འབྲས་ཡོད་པ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་དང་རམ་འདེགས་དགོས་པ་མི་མང་ཚང་མའི་འགན་ཁུར་དུ་གྱུར་ཡོད།

སྤྱིར་ད་ལྟའི་དུས་འདིར་གཅིག་སྒྲིལ་གྱི་ཁ་གཡང་འདི་མཐོ་དམན་རབ་འབྲིང་ཚང་མའི་ཁ་ན་གོ་རྒྱུ་ཡོད་པའི་རེ་སྨོན་ནམ་འབོད་ཚིག་གལ་ཆེན་ཞིག་ཡིན་ལ། བོད་ཕྱི་ནང་གཉིས་སུ་གཅིག་གྱུར་གྱིས་ཁྱབ་པའི་མིང་ཚིག་ཅིག་ཏུ་གྱུར་ཡོད། ད་ལྟའི་བཀའ་ཤག་གི་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་གསུམ་གྱི་ནང་ནས་ཀྱང་གཅིག་འདི་ཡིན། བཙན་བྱོལ་བོད་པའི་ཕྱི་ཚོགས་ནང་གཅིག་སྒྲིལ་གྱི་འབོད་ཚིག་ལ་ཉན་རྒྱུ་མང་དྲགས་པའམ། གཏམ་བཤད་གནང་མཁན་དེ་དག་གི་བསམ་བློའི་རྒྱབ་ལྗོངས་ཤེས་ཆེ་སོང་བས་ཡིན་བཤད་ཚོད་ཐིག་དཀའ་ཡང། མང་པོ་ཞིག་གིས་གཅིག་སྒྲིལ་གྱི་ཁ་གཡང་འདི་སྒྲོག་པའི་ཚེ་ཁྱོད་ཚོར་བསམ་ཚུལ་དང་ལྟ་ཚུལ་གང་ཡོད་པ་དེ་ཐམས་ཅད་གཡུགས་ནས། ངའི་འདོད་ཕྱོགས་དང་བསམ་ཚུལ་ཁོ་ནའི་ཐོག་ཏུ་འགྲོ་དགོས་པའི་སྐུལ་འདེད་ལྟ་བུ་ལས། ཕྱོགས་ཚང་མས་གུ་ཡངས་ཀྱིས་གཅིག་སྒྲིལ་བྱེད་དགོས་པའི་འབོད་ཚིག་ཅིག་ཕལ་ཆེར་མིན་ཞེས་བརྗོད་ཆོག

དེར་བརྟེན་རྒྱལ་གཅེས་མི་མང་གིས་གཅིག་སྒྲིལ་གྱིས་ལས་འགུལ་འདི་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད་ཅེས་བརྗོད་རྒྱུའི་སྤོབས་པ་ཆེན་པོ་མེད་ཀྱང། བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་དོན་ཆེད་སྔ་ཕྱིར་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་ཁ་ཆེམས་དང་བློས་གཏོང་བྱས་པ་དེ་སེམས་ལ་བཟུང་ནས། རང་དོན་རང་གཅེས་ཀྱིས་གོ་སྐབས་མ་ཤོར་བ་བྱེད་དགོས་པ་དེ་རྩ་བའི་རྩ་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ལ་བརྟེན་ནས་བོད་དོན་ཁྱབ་བསྒྲགས་དང་རྒྱབ་སྐྱོར་ཤུགས་ཆེ་རག་ཐུབ་པའི་རེ་བ་ཡོད་ལ། དཔེར་ན་ས་གནས་ཁུག་ཀྱོག་ཌལ་ཧོར་གཅིག་པུར་མཚོན་ནའང་ལས་འགུལ་དེར་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གང་མང་རག་ཡོད་ལ། རྒྱ་གར་གྱི་གསར་ཤོག་ཆེ་ཁག་དེེ་འདྲའི་ནང་དུའང་དེ་ལ་བརྟེན་ནས་བོད་དོན་ཁྱབ་བསྒྲགས་ཤུགས་ཆེ་བྱུང་སོང་བ་ལྟ་བུ་རེད།།