དེ་རིང་གི་བོད་གཞུང་ཀ་འཕྲེང་མ།
དེ་རིང་གི་བོད་གཞུང་ཀ་འཕྲེང་མ།
ཀ་དག་གནས་ལུགས་བདེན་པའི་ངང་ནས་ཁ་བ་ཅན་གྱི་འབངས་རྣམས་སྐྱོང་།།
ཁ་སེམས་གཏིང་གི་ཕྱག་ལས་སྙོམ་མོས་ཁ་གཏད་དམར་པོ་ཁྲོ་རུ་བཅུག།།
ག་ལེར་མིག་གི་དཔྱིད་དུ་དཔར་བའི་གངས་ཅན་བོད་ཀྱི་གཞུང་བཟང་འདི།།
ང་དང་གདོང་དམར་སྤུན་ཟླ་ཡོངས་ཀྱི་སྤྲལ་བའི་མིག་དང་སེམས་ཀྱི་རྟེན།།
ཅ་དག་ཕུན་ཚོགས་འདོད་དགུས་ཕྱུག་པའི་འབྱོར་ལྡན་ཕྱུགས་པོའི་གྲས་མིན་ཡང་།།
ཆ་སྤྱོད་གནས་ལུགས་དོན་གྱིས་སྐྱོང་བའི་ཡུལ་གྱར་ཡོངས་ཀྱི་མིག་གི་དཔེ།།
ཇ་ཆང་ཐོབ་རྩོད་ཐུགས་ནས་བྲལ་བའི་དོན་ལྡན་དམངས་གཙོའི་གཞུང་བཟང་འདི།།
ཉ་གང་ཟླ་བ་གཞིན་ནུའི་ཟོལ་གྱིས་ཉམས་མེད་གླིང་འདིར་ལྷང་ངེར་གསལ།།
ཏ་ཐ་ག་དའི་བསྟན་པའི་བསྟི་གནས་གངས་ཅན་ཆོས་ཀྱི་དག་ཞིང་དེར།།
ཐ་ཆད་ཀླ་ཀློའི་དཔུང་གི་སྡེ་ཁག་བཙན་དང་ཤུགས་ཀྱིས་གནས་བཅས་ཏེ།།
ད་སྔའི་བཙན་པོས་སྟོབས་ཀྱིས་བཞེངས་པའི་རིན་ཆེན་རིག་གཞུང་གཏོར་དུས་སུ།།
ཉ་མཉམ་དཔོན་གྱིས་བདེན་པའི་རྒྱལ་དར་གོ་ལ་ཟླུམ་པོའི་དབུ་རུ་བསྒྲེངས།།
པ་སངས་ལྟ་བུའི་ལྷག་བསམ་དཀར་པོ་བདེན་པའི་མེ་ལྕེའི་དབུ་རུ་འཁྱུད།།
ཕ་རོལ་རྒོལ་ངན་ཚར་གྱིས་གཅོད་སླད་དོན་དམ་གནས་ལུགས་གང་སར་བཤད།།
བ་གླང་ལྟ་བུའི་རྨོངས་ཚོགས་ཤིག་ལ་གཉིས་ཕན་དབུ་མས་འགྲམ་ལྕག་གཞུས།།
མ་མ་ལྟ་བུའི་གཞུང་བཟང་འདི་ལ་ཡོད་ཆེས་གཏན་ནས་གཏན་དུ་རྙེད།།
ཙྭ་རི་ལྟ་བུའི་དྲི་འཛིན་ཞིང་ནས་དམངས་གཙོ་ཀ་བའི་སྲོག་ཤིང་བཙུགས།།
ཚ་གྲང་ངལ་བ་ཁྱད་བསད་འོག་ནས་ལུགས་གཉིས་སྲོལ་བཟང་མུ་རུ་བསྟར།།
ཛ་ལང་སྤྱོད་པའི་དྲག་ཆས་དབར་ནས་བདེན་པའི་ཚེ་འབར་བསྒྲོན་དུས་སུ།།
ཝ་མོ་ལྟ་བུའི་དཔོན་རིགས་ཡོངས་ལ་ཉེན་ཁའི་འགན་འཁྲི་ཁུར་དུ་བཅུག།།
ཞ་ལྷམ་སྤྱི་པགས་མཛེས་བཟོ་ཙམ་གྱིས་ལོག་པའི་དགོས་འདུན་འགྲུབ་ཏུ་རེམ།།
ཟ་བཏུང་བརྫུན་མའི་རྫས་ངན་རིགས་ཀྱིས་གཞན་མགོ་སླུ་བའི་ཐབས་སུ་འབད།།
འ་འུར་ཟེང་ཆ་མོད་པོའི་སློང་ནས་བོད་ཁམས་གཡུལ་ལ་ཕབ་དུས་སུ།།
ཡང་དག་གཞུང་གིས་བདེན་པའི་དཔེན་མཚོན་མང་མང་སྐྱེ་བོའི་མིག་སྔར་བཤམས།
རྭ་བ་གངས་ཅན་བོད་ཀྱི་ཁམས་སུ་རེ་བ་གསར་བའི་དྲན་པ་སྦྱིན།།
ལ་ལུང་དམར་པོའི་གཞུང་འཛིན་དཔོན་ལ་སྙིང་ནད་སོ་མའི་གྱོད་གཞི་བསླངས།།
ཤ་དང་རུས་པའི་གསེང་དུ་འཐིམ་པའི་དེ་རིང་བདག་གི་གཞུང་ཆེན་ལ།།
ས་ཡ་དྲུག་གི་སེམས་ཀྱི་འཚབ་ཏུ་སེམས་པ་དཀར་པོས་གུས་འདུད་ཞུ།།
ཧ་ཅང་སྙན་པའི་འགྲིན་པ་རྡོལ་ཏེ་མིག་ཆུའི་ལམ་ནས་བྲིས་པ་མིན།།
ཧམ་བཤད་བརྫུན་གྱིས་མགི་བོ་སྤྲས་ཏེ་ཅོལ་ཆུང་ཟོལ་དུ་སྨྲས་པ་གང་།།
ཨ་མས་བུ་ལ་བྱམས་སྐྱོང་གནང་བའི་ཐོབ་སྐལ་འོད་ཀྱི་གུང་བུ་འདི།།
ཨ་ཁུ་མགོ་བོ་རེགས་རེགས་ཅན་འདིས་སྨྱུག་ཁ་ལྕི་མོའི་སྣེ་ནས་བཞུར།།
27, 7,2012ཉིན།