ཇག་དཔོན་ཟླ་བ་ཚེ་རིང་རྒྱབ་ནས་སུས་སྲ་མོར་བཟུང་ཡོད།
ན་ནིང་འཐུས་མི་ཞིག་གིས་གྲོས་ཚོགས་ནང་དེ་སྐོར་གླེང་སློང་བྱས་པ་རེད། འོན་ཀྱང་སྲིད་སྐྱོང་པས་ཀྱང་དེའི་ཐད་ནས་ལྟ་གིན་ཡོད་ཟེར་བ་ཙམ་ལས། འདི་ཡིན་འདི་མིན་གྱི་ཐག་གཅོད་ཏག་ཏག་བྱེད་ཐུབ་མེད་པ་རེད། ད་འདི་ལོའི་གྲོས་ཚོགས་ཚོགས་དུས་གཉིས་པ་འཚོག་རྒྱུ་ཡུན་རིང་མེད། འོན་ཀྱང་ཟླ་བ་ཚེ་རིང་རང་འཇག་ཡིན། ཇག་དཔོན་འདི་ལ་བལྟས་ན་སྒྲོལ་དཀར་ལྷ་མོ་ཆུང་ཆུང་ནང་གི་ཆུང་ཆུང་རེད།
ཡང་སྙིང་ཇག་དཔོན་ཟླ་ཚེ་སུ་ཞིག་གིས་མཁྲེག་པོའི་ངང་ད་དུང་ཡར་འཇུས་ཡོད། ངོ་མ་འདིའི་རྒྱབ་ན་ལུང་ཐག་ཧ་ཅང་སྲ་མོ་ཞིག་ཡོད། ངས་ཟིན་བྲིས་འདིའི་ནང་གི་གླེང་གཞི་གཙོ་བོ་དང་། དྲ་གྲོགས་ཡོངས་ལ་སྐད་ཆ་ཞིག་དྲིས་པ་ནི་འདི་རང་ཡིན། ཁྱེད་ཚོ་ལ་དྲང་པོ་ཡར་འདེགས་པའི་སྙིང་སྟོབས་དང་། ལོ་རྒྱུ་ཧ་གོ་བ། གནད་དོན་ལ་དབྱེ་ཞིབ་ཐུབ་མཁན་རེ་ཡོད་ན། འདིའི་ཐོད་ནས་དབྱེ་ཞིབ་རྒྱས་ཙམ་གྱིས་དང་།
མང་ཚོགས་ཀྱིས་འདིའི་སྐོར་ནས་མང་པོ་གླེང་དགོས་པ་རེད། རྒྱུ་མཚན་ནི། ༸གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་ལྐོག་ཟ་རུལ་སུངས་པོ་ཡོང་གི་འདུག དེ་སྡུག་ཆགས་རེད་གསུང་དུས་ང་ཚོའི་ནང་ལོག་ཙམ་དུ་མ་ཟད། གྲོས་ཚོགས་འཐུས་མི་ཞིག་གིས་འདི་འདྲ་བྱེད་ཡོང་དུས། ད་སྐད་ཆ་ག་རེ་ཤོད་དགོས་རེད་པས། ལ།
གཅིག་བྱས་ན་ང་རང་གི་འཆར་གཞི་འདི་ལམ་སློང་ཡོང་སྲིད། དེ་ནི་ཚོགས་ཆེན་ལ་བཅར་རྒྱུ་བྱས་པ་དེ་ཡིན། འོན་ཀྱང་ང་ཚོའི་ས་གནས་ནས་དེང་སང་ཐོང་མཆན་རག་ཁག་པོ་འདྲ་ཞིག་འདུག གང་ལྟར་གལ་སྲིད་ཚོགས་ཆེན་ནང་ཞུགས་ཐུབ་ན་ངའི་གླེང་རྒྱུ་གཙོ་ནི་ཇག་དཔོན་སྐོར་འདི་ཡིན་པས། སྤུན་ཟླ་ཚོས་ཀྱང་བོད་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་ཡོད་ན། སྐྱོན་འདོན་པ་དང་དེ་ལ་མཛུབ་མོ་བཙུགས་ནས་ང་ཚོའི་སྤྱི་ཚོགས་འདི་ཕྱི་ནང་མཚུང་པ་ཞིག་བྱ་རྒྱུར་ཁ་དང་ལག་པ་གཉིས་ཆས་འབད་བརྩོན་བྱ་དགོས།
ཡར་གི་གྲོས་ཚོགས་འཐུས་མི་དང་རྒྱུན་ལས། བཀའ་ཤག་དང་། ཁྲིམས་ཞིབ་པ་རྣམ་པ། དྲུང་ཆེ་ཚོས་ཀྱང་གྲགས་ཆེན་དྲ་བ་འདི་དག་ནམ་རྒྱུན་བླ་རྒན་ཚོའི་ཞལ་འདོན་བཞིན་སྔོག་གི་ཡོད་པ་ལྟར། བཙན་བྱོལ་སྤྱི་ཚོགས་ནང་གི་རྙོག་དྲ་ཡུན་རིང་ཤོས་དང་། དགྲ་བོ་རྒྱ་མི་གཞུང་གི་ངོས་ནས་ངོ་གནོང་དགོས་ཤོས། བོད་མི་རང་ངོས་ནས་ཞེ་ཁྲེལ་དགོས་སའི་དཀའ་རྙོག་འདིའི་སྐོར་ནས་ངེས་པར་དུ་བསམ་བློ་ཐོངས། ལན་བསྟར་གནང་རོགས།
དེ་བཞིན་ང་རང་བཅར་ཐུབ་མིན་གང་ལྟར་དམིགས་བསལ་ཚོགས་ཆེན་དང་། དེ་ནས་ཚོགས་དུས་གཉིས་པའི་གྲོས་ཚོགས། བྱུང་ན་དེའི་སྔོན་བཅས་ལ་ཐག་གཅོད་ཏན་ཏན་ཞིག་མ་བྱུང་ཚེ། གནད་དོན་འདི་རང་གར་མི་འཇོག་པ་ཅིས་ཀྱང་གླེང་ངེས་ཡིན་པས། འཛིན་སྐྱོང་དང་ཁྲིམས་བཟོ། ཁྲིམས་ཞིབ་བཅས་ནས་མང་ཚོགས་ལ་བརྩི་འཇོག་གནང་རོགས། དེ་མིན་རྗེས་མ་གནད་དོན་འདིའི་ཐད་ནས་འགན་ཁུར་ཡོད་པ་གནང་དགོས།