གཞན་རྟེན་གྱིས་འཚོ་མི་འདོད།
སྤྱིར་ཤེས་པར་བྱ་བའི་ཆོས་ཡིན་ཕྱིན་ཆད་ལ་དེ་ནི་གཞན་བརྟེན་ནམ་ལྟོས་གྲུབ་ཀྱི་གནས་ཡོད་པས་རང་ཉིད་ལྟོས་མེད་དུ་གནས་ཐབས་བྱེད་པ་ནི་ཡིན་པ་མི་སྲིད་པའི་ཤེས་བྱ་ཞིག་ལ་རེ་བསྒུགས་བྱས་པ་ལས་མ་འདས་མོད། རང་ཉིད་ཀྱི་འཚོ་ཐབས་སམ་ཡང་ན་རང་དབང་ཡོད་ཚད་གཞན་བརྟེན་དུ་འགྱུར་བ་ནི་ཆེས་ཁུར་དཀའ་བའི་ཕམ་ཁ་ཞིག་དང་།
བཟོད་དཀའ་བའི་སྡུག་བསྔལ་གྱི་མུན་དོང་ཞིག་ཏུ་འཁུམས། དེ་ཡང་ཡིན་ཏེ། ངའི་མི་ལོ་བཅུ་ཏག་ཏག་མི་ཡུལ་དུ་མྱང་པའི་དཀའ་སྡུག་ཅིག་གིས་ར་སྤྲོད་གསལ་ལྷམ་མེར་བྱས་བྱུང་། ཆེས་ཐོག་མར་ང་ཡང་ཁྱེད་དང་འདྲ་བར་ཕ་མ་གཉིས་འཛོམས་ཀྱི་ཁྱིམ་གཞི་དྲོ་ལྡན་ཞིག་ནས་རང་དབང་དང་བྱམས་སེམས་ཀྱི་རོ་བཅུད་ལ་རོལ་ཏེ་ལང་ཚོ་ཡི་མེ་ཏོག་བརྟས་པའི་གཅེས་ཕྲུག་ཅིག སྐབས་དེར་གྲང་ངར་དང་རླུང་འཚུབ་ཇི་ཙམ་ལྡང་རུང་བདག་གི་འཇིག་རྟེན་ན་ཚ་སོབ་སོབ་ཀྱི་ཉི་འོད་ནུབ་མ་མྱོང་ལ། བདེ་སྐྱིད་ཀྱི་འཚོ་ནི་རྟག་གཏན་འགྱུར་མེད་ཀྱི་རང་བཞིན་དུ་གྲུབ་པར་སྣང་། འོན་ཏེ། ཟེར་ལོ་དང་ཐོས་ལོའི་རྗེས་སུ་འཇུག་པའི་ངས་ཞི་བདེ་བག་ཕེབས་དང་རང་དབང་འདྲ་མཉམ་ཡོད་སྐད་ཀྱི་འཕགས་ཡུལ་ལ་ཡིད་ཀྱི་ཁ་ལོ་ཕྱོགས་པ་ནས་ཟུང་སྡུག་བསྔལ་གྱི་དོང་ཁ་རུང་སོན་པ་སུས་ཀྱང་ཤེས་སམ། སྐབས་དེ་ནི་བདག་གི་འཇིག་རྟེན་ནས་གང་ཞིག་བོར་སོང་བ་ལྟར་བྱམས་ལྡན་གྱི་ཕ་མ་དང་བདེ་ལྡན་གྱི་ཁྱིམ་གཞིས་ཡོད་ཚད་དུག་ཅན་གྱི་ཟས་ལྟར་དོར་སྟེ་རང་ཉིད་ཁེར་རྐྱང་དུ་རི་བོ་ཧེ་མ་ལ་ཡའི་སྒལ་གཞུང་བརྟོལ་ཅིང་ཕ་ཡུལ་ལ་ཕྱི་མིག་ཙམ་ཡང་མི་བལྟ་བར་ངར་ངར་དུ་ཆས། དུས་དེ་ནས་ཟུང་གཉེན་མེད་ཀྱི་གཞན་ཡུལ་འདི་ནས་ལྷད་མེད་དྭངས་གཙང་གི་སེམས་པ་ནོགས་སུ་བཅུག་བྱུང་ལ། སེམས་ངོགས་ཆགས་པའི་ཟུབ་མེད་ཀྱི་རྨ་ཁ་དུ་མ་ཞིག་གིས་བདག་ལ་ཡིད་མུག་བག་འཁུམས་ཀྱི་གོ་ཆ་བཀླུབས་བྱུང་། དཀའ་སྡུག་གི་རྦ་རླབས་ཁྲོད་ནས་བདག་གི་སེམས་ཁོངས་སུ་ཆེས་སྡུག་བསྔལ་བ་ནི་གཞན་བརྟེན་གྱི་འཚོ་བ་དང་འདྲ་མཉམ་མ་ཡིན་པའི་བྱ་སྤྱོད་ཡིན་པར་ངེས་ཏེ། ཅིས་ཀྱང་རང་ལག་གཉིས་ལ་བརྟེན་ནས་འཚོ་དགོས་པའི་ངེས་པ་བརྙེད། རང་དབང་དང་འདྲ་མཉམ་གྱི་འཚོ་བ་སྐྱིད་པོ་ཞིག་ལ་སླར་ཡང་རོལ་འདོད་བྱུང་བའི་དུས་དེ་ནས་བདག་གི་སེམས་ཁམས་ནས་ཅི་ཞིག་བློས་གཏོང་དགོས་ཀྱང་མ་འོངས་པའི་མདུན་ལམ་ཡངས་མོ་ཞིག་དང་ཞི་བདེ་བག་ཕེབས་ཀྱི་འཚོ་བ་གནས་བཟོད་བདེ་མོ་ཞིག་ཅིས་ཀྱང་ཐོབ་དགོས་པའི་བསམ་པ་བརྟས་བྱུང་ལ། བྱེས་འབྱོར་གྱི་སྤུན་ཟླ་དུ་མ་ཞིག་གི་བློ་ཁ་ནུབ་གླིང་ལ་ཕྱོགས་པའི་དགོས་དམིགས་ཀྱང་བརྙེད་བྱུང་། དེ་ལོས་ཡིན་ཏེ། འཚོ་དགོས་པ་ནི་གསོན་ཁྲལ་ཡིན་ལ། གཞན་རྟེན་དུ་འཚོ་བ་ནི་ཆེས་ཐབས་སྡུག་དང་ཡིད་མུག་གི་རྒྱ་ལས་མ་འདས། ཡ་ང་བའི་འཚོ་བ་འདིས་སྤུན་ཟླ་ཁྲི་མ་འབུམ་གྱི་དྭངས་གཙང་གི་སེམས་ལ་མནར་གཅོད་ཀྱི་ཕྲེང་བ་བཀོན་ཡོད་ལ། ལྡོག་མེད་ཀྱི་ལས་དབང་ཞིག་གིས་ཆེས་ས་ཐག་རིང་ལ་ཆ་རྒྱུས་དབེན་པའི་གླིང་ཕྲན་གཞན་ཞིག་ལ་བཙན་གྱིས་བརྫངས་སོང། རྒྱུ་མཚན་དེའི་དབང་གིས་ངས་ནམ་ཡང་གཞན་རྟེན་དུ་འཚོ་མི་རུང་བའི་དམ་བཅའ་བཞག་ཡོད།།
