བཟོད་པ་ལྷ་རྩེའི་བསམ་འཆར།

བཟོད་པ་ལྷ་རྩེའི་བསམ་འཆར།
བོད་ཀྱི་བང་ཆེན་དྲྭ་ཐོག་ཏུ་གདོང་ཐོག་བསྟན་པའི་རྒྱལ་མཚན་གྱི་བསམ་འཆར་ཞེས་པ་ཞིག་གིས་ནང་མ་དག་རྒྱུན་འབྱམས་སུ་གནས་པའི་མིང་ཚིག་ཁག་གཅིག་ལ་གསལ་སྟོན་དང་དག་ཐེར་གནང་བ་ནི་བོད་ཀྱི་རིག་གཞུང་ལ་ཤ་བཞེན་བླ་ན་མེད་པ་ཞིག་ཡོད་པ་མཚོན།

འོན་ཀྱང་བོད་ཆོལ་ཁ་གསུམ་ལ་ཡོངས་སུ་གྲགས་པའི་མིང་ཚིག་འགའ་ཞིག་ལ་རྒྱུ་མཚན་ལྟར་སྣང་ཞིག་གིས་རྟ་རྒྱུགས་པའི་ཞོར་ལ་མེ་ཏོག་འཐུ་བའི་དཔེ་ཇི་བཞིན་འགྲམ་བཅག་ཚ་ཐག་ཆོད་གཅིག་ཀྱང་ཞུ་གནང་འདུག་བསམ།  དེ་ཡང་ཁོང་གི་བརྗོད་དོན་ནས་ཟུར་སྟོན་ཞུས་པ།
འགོ་ཁྲིད་དང་། འགོ་འཛིན་འབྲི་བ་མི་འཐད། མགོ་ཁྲིད་དང་མགོ་འཛིན་ཞེས་འབྲི་དགོས་ཏེ། དེ་དག་གི་ཞེ་སའི་ཚིག་ལ་དབུ་ཁྲིད་དང་། དབུ་འཛིན་ཞེས་འབྲི་བས་སོ། ༽ཞེས་གསུངས། དེ་ནི་ཁོང་གིས་དབུ་ཞེས་པའི་མིང་ཚིག་དེ་ལུས་ཀྱི་མགོའི་ཞེ་ས་ལས་འཇུག་ཡུལ་གཞན་མེད་པ་ཐག་གཅོད་གནང་བའི་དབང་ལས་ཡིན། འོན་ཀྱང་དབུ་ཞེས་པའི་མིང་ཚིག་དེ་ལུས་ཀྱི་མགོའི་ཞེ་ས་ཙམ་དུ་མ་ཟད་འཇུག་ཡུལ་མང་ཡང་ཐུགས་མཉམ་པར་མ་བཞག་པ་ཡིན་ཏེ། དབུ་ཞེས་པའི་འཇུག་ཡུལ་དཔེར་ན། མགོ   རྩེ་མོ། གོང་མ། གཙོ་བོ། ཐོག་མ། དཀྱིལ་སོགས་ལ་འཇུག་པས་དཔེར་ན།  དབུ་མ། དཀྱིལ་མ་ལ་འཇུག་པ་བཞིན་ནོ།   འགོ་ཁྲིད་ཞེས་པ་ལ་ཞེ་ས་དབུ་ཁྲིད་སྦྱར་ཀྱང་སྐྱོན་ཅི་ཡོད། དེ་ཡང་གསལ་སྟོན་ཞུས་པ་ཡིན་ན་འགོ་ནི་ ཐོག་མའམ་དང་པོ་ལ་ཡང་གོ་བ་ཡིན་པས། ལས་དོན་ཐོག་མར་སྣེ་འཁྲིད་མཁན་ཀྱི་མི་སྣ་གཙོ་བོ་ཞིག་སྟེ་འགོ་ཁྲིད་ཟེར་བ་ཡིན།  དེ་ལ་ཞེ་ཚིག་ཏུ་དབུ་ཁྲིད་སྦྱར་ཆོག་པ་གོང་གི་ཚིག་དོན་ལྟར་ལགས།
ད་དུང་དྭོགས་པ་གཞན་ཞིག་ནི། དཔེར་ན། ལག་ཤེས་ཤིང་བཟོ་མཁས་པ་དང་ལྷ་བྲིས་པ་མཁས་པ།  དེ་བཞིན་རྡོ་བཟོ་མཁས་སོགས་ལ་དབུ་ཆེན་མོ་ཟེར་བ་ཡིན། དེ་དག་མགོ་ཆེན་པོ་ཡོད་པའི་དོན་མིན། གྲྭ་ཚང་ཁག་གི་འདོན་པ་ཐོག་མར་བསྐུལ་མཁན་དག་ལ་དབུ་མཛད་དང་དབུ་ཆུང་ཟེར་བ་སོགས་བརྡ་དག་གི་ཐ་སྙད་མང་པོ་ཡོད་པས་དེ་དག་ལའང་ཐུགས་མཉམ་པར་འཇོག་དགོས་མཐོང་བཞེས་མ་ཤེས་ཤེས་ཐོགས་སྨྲ་བ་ལགས་ན་ནོར་འཁྲུལ་ཡོད་ན་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་མཁས་པའི་དྲན་དབང་རྣམ་པས་བཀའ་སློབ་དགོངས་འཆར་གནང་རོགས།།