བྲག་དཀར་དགོན་པའི་གྲྭ་པ་ཞིག་འཇུ་བཟུང་།

བོད་ཨ་མདོ་རྒན་གྱའི་བྲག་དཀར་དགོན་གྱི་དགེ་འདུན་པ་ཞིག་རྒྱ་གཞུང་གི་འཛིན་བཟུང་བྱས་ཡོད་པའི་སྐོར་གྱི་གནས་ཚུལ། ཕྱི་ཟླ་༧ ཚེས་༣༠  ཉིན་བོད་ནས་བོད་མི་ཞིག་གིས་དྲ་ལམ་བརྒྱུད་འབྲེལ་ཡོད་ལ་འགྲེལ་བརྗོད་བྱས་འདུག

དེ་ཡང་བོད་མདོ་སྨད་ཀན་སུའུ་ཞང་ཆེན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོ།  རྒན་རྒྱའི་བྲག་དཀར་གསང་སྔགས་སྨན་རྒྱས་གླིང་གི་དགེ་འདུན་པ་དགེ་འདུན་རྒྱ་མཚོ་ཟེར་བ་ཞིག་སྔ་རྗེས་སུ་ཐེངས་གསུམ་ལ་རྒྱ་གཞུང་གི་འཛིན་བཟུང་བཀག་ཉར་བྱེད་མྱོང་ཡོད་པ་དང་། ལོ་སྔོན་མའི་ཕྱི་ཟླ་༧  བདུན་པའི་ནང་བསྐྱར་དུ་འཛིན་བཟུང་བྱས་རྗེས་གར་ཁྲིད་ཆ་མེད་དུ་གྱུར།

གྲྭ་དགེ་འདུན་རྒྱ་མཚོ་ལགས་ནི་ཕྱི་ལོ་༡༩༩༠ ལོར་རྒྱ་གར་དུ་སོང་སྟེ་ལོ་གསུམ་གྱི་རིང་ལ་སློབ་གཉེར་གནང་རྗེས་ཕྱིར་ཕ་ཡུལ་དུ་ཕེབས་ཏེ། རྒན་གྱ་བྲག་དཀར་གསང་སྔགས་སྨན་རྒྱས་གླིང་དགོན་པའི་ནང་གི་དགེ་སྐོས་དང་བླ་མ་སོགས་དགོན་པའི་ལས་གནས་ཡོངས་ཀྱིས་འགན་ཁུར་མྱོང་ཡོད་པ་མ་ཟད།   ས་གནས་མི་མང་དང་དགོན་པའི་དགེ་འདུན་པ་ཡོང་གིས་ཁོང་ལ་ཧ་ཅང་གི་གུས་བཀུར་དང་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་པ་རེད།

ཁོང་སྔ་རྗེས་སུ་རྒྱ་ནག་གཞུང་གི་ཐེངས་གསུམ་ལ་འཛིན་བཟུང་བྱས་ཡོད་པ་དང་།   ཐོགས་མར་ཁོང་རྒྱ་གར་ནས་ཕྱིར་རང་ཁྱིམ་དུ་འབྱོར་མ་ཐག་རྒྱ་གཞུང་གི་འཛིན་བཟུང་བཀག་ཉར་བྱས།  དེ་རྗེས་༢༠༡༠ ལོའི་ལོ་འཇུག་ཏུ་ཁོང་གི་གྲོགས་པོ་ཞིག་ཕྱི་རྒྱལ་ནས་ཕྱིར་ཕ་ཡལ་དུ་ཡོང་སྟེ་ཁོང་དང་མཉམ་དུ་ཐུག་འཕྲད་བྱས་པ་དང་། ༢༠༡༡ ལོའི་ལོ་གསར་སྐབས་སུ་གྲྭ་དགེ་འདུན་རྒྱ་མཚོ་ལགས་ཀྱིས་རང་གི་གྲོགས་པོ་དེ་ལན་གྲུ་གྲོང་ཁྱེར་དུ་བསྐྱལ་དེ་ཕྱིར་ཕ་ཡུལ་དུ་ལོག་སྐབས། ཁོང་རྒྱ་གཞུང་གི་བསྐྱར་དུ་འཛིན་བཟུང་བཀག་ཉར་བྱས། སྐབས་དེར་ཉིན་གྲངས་ཉི་ཤུ་མ་ཟིན་ཙམ་ལ་འདྲི་རྩད་དང་བཅར་རྡུང་མནར་གཅོད་བཏང་བའི་རྗེས་སུ་ཡང་གློད་གྲོལ་བཏང་ཡོད་པ་རེད།

དེའི་རྗེས་སུ་སྔ་ལོའི་ཕྱི་ཟླ་བདུན་པའི་ནང་གྲྭ་དགེ་འདུན་རྒྱ་མཚོ་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ནས། ད་ལྟའི་བར་ཁོང་གར་ཡོད་ཤེས་རྟོགས་བྱུང་མེད་པ་རེད།  གྲྭ་དགེ་འདུན་རྒྱ་མཚོ་ལགས་ནི་རྒན་གྱ་རུ་ཁག་དྲུག་ཡོད་པའི་ནང་ནས་སུ་རིག་རུ་ཁག་དྲུག་པ་ནས་ཡིན་པ་དང་།  ཁོང་གི་ཕ་མང་ལ་རྒན་གྱ་དབང་ལོ་དང་ཁོང་གི་ཨ་མའི་མིང་ལ་ལྷ་ཁོ་ཟེར་གྱི་ཡོད་པ་རེད་། གཞན་ཡང་ཁོང་ལ་སྤུན་མཆེད་ཁ་ཤས་ཡོད་འདུག་ལ། ཁོང་གིས་ཕ་སྔ་ས་ནས་གྲོངས་ཡོད་པ་རེད།   གྲྭ་དགེ་འདུན་རྒྱ་མཚོ་གར་སོང་ཆ་མེད་དུ་གྱུར་དེ་ལོ་གཅིག་འགོར་བའི་རིང་ལ་གནས་ཚུལ་འདི་ཕྱིར་སྒྲགས་བྱེད་མ་ཐུབ་པར་ལྷག་བསྡད་པ་རེད།   ཁོང་གིས་ཤ་ཉེ་སྤུན་མཆེད་དང་ནང་མི་ཉེ་འབྲེལ་ད་དུང་ངོ་ཤེས་གྲོགས་པོ་ཡོང་གིས་ཁོང་གིས་སྐོར་ལ་བློ་ཚབ་དང་།    སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་རེད་ལ།   ཁོང་ད་ལྟ་གར་ཡོད་དང་ཁོང་གིས་ནག་ཉེས་གང་བསག་ཡོད་མེད་སོགས་སུས་ཀྱང་ཤེས་རྟོགས་མེད་པ་རེད།།

མོན་གྷོ་གསར་འགོད་པས།