ཞི་བའི་ཐབས་བྱུས་ལ་གཟབ་དགོས།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༣༩༧  ཕྱི་ལོ་ ༢༠༡༢/༨/༡
མི་རིགས་ཤིག་ལ་མཚོན་ན་ཤི་གསོན་གྱི་དབྱེ་མཚམས་གསལ་ཤོས་དེ་མི་རིགས་སོ་སོའི་རིག་གནས་རྒྱུད་འཛིན་བྱེད་ཐུབ་མིན་ལ་རག་ལས་ཡོད། མི་སུ་དང་སུ་ཡིན་ཡང་རང་ཉིད་གནས་སའི་ཁོར་ཡུག་དེས་སྤྲད་པའི་ཤུགས་རྐྱེན་ཕྱོགས་ཡོངས་ནས་ཡོད་པ་དང་།

དེ་ཡང་རིག་གནས། གོམས་གཤིས། བསམ་བློ་དང་བག་ཆགས་བཅས་ལ་ཤུགས་རྐྱེན་ཏིལ་ལ་ཏིལ་མར་གྱིས་ཁྱབ་པ་བཞིན་དུ་གྱུར་ཡོད་པ་སྨྲོས་མེད་རེད། ཤུགས་རྐྱེན་དེ་ལ་བརྟེན་ནས་ནུས་པ་ལྡོག་ཕྱོགས་ནས་ཐོན་པའང་མི་ཉུང་བ་ཞིག་ཡོད་ལ། ཆེད་དུ་རིག་གནས་ཤིག་གིས་ཤུགས་རྐྱེན་ཐེབས་ཐུབ་པའི་ཆེད་དུ་དབང་ཤུགས་དང་དྲག་ཤུགས་བེད་སྤྱོད་བྱེད་རྒྱུ་མང་དྲགས་ན། དྲག་ཤུགས་བེད་སྤྱོད་བྱེད་ཡུལ་གྱི་མི་མང་གི་སེམས་ལ་ཕོག་ཐུག་བཏང་ནས། རིག་གནས་དེ་དང་དེའི་ཤུགས་རྐྱེན་ལ་མངོན་གསལ་དང་མངོན་གསལ་མིན་པའི་ཐོག་ནས་འགོག་རྒོལ་བྱེད་ངེས་རེད།

ད་ལྟའི་ཆར་བོད་ནང་དུ་རྒྱ་དམར་དྲག་གཞུང་གིས་རིག་གནས་བཙན་རྒྱལ་རིང་ལུགས་པའི་ལྟ་གྲུབ་ཀྱི་རྒྱབ་ལྗོངས་འོག་ནས། བོད་མི་རིགས་ལ་རང་གི་རིག་གནས་རྒྱུན་འཛིན་བྱེད་པའི་ཁོར་ཡུག་གཏན་ནས་མེད་པ་བཟོ་རྒྱུའི་འཆར་གཞི་སྣ་ཚོགས་འཐེན་བཞིན་ཡོད་མོད། དབང་ཡོད་ཀྱི་བྱེད་སྟངས་ཤུགས་ཆེ་དྲགས་པས་བོད་མི་རིགས་ཀྱི་སྙིང་ལ་ཚེར་མ་ཟུག་པ་བཞིན། བཟོད་ཐབས་མེད་པའི་ན་ཟུག་ཅིག་ཏུ་གྱུར་པ་ལས། དང་ལེན་བྱ་རྒྱུའི་འདུན་པ་དང་སེམས་ཤུགས་རང་བཞིན་གྱིས་བརླགས་ཟིན་པ་དེ་ཡང་ད་ལྟའི་ཆར་གཞིས་བཞུགས་བོད་མི་དག་གིས་ཉིན་རེའི་འཚོ་བའི་ནང་བོད་སྐད་དང་བོད་ཡིག་བེད་སྤྱོད། བོད་ཆས་གྱོན་རྒྱུ་སོགས་ལ་དང་འདོད་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད།

འོན་ཀྱང་བཙན་དབང་འོག་ནས་དར་ཁྱབ་གཏོང་ཐབས་བྱས་པ་མ་ཡིན་ཡང། ཁོར་ཡུག་གི་ཐོག་ནས་རང་བཞིན་གྱིས་འགོས་ཁྱབ་བྱུང་བའི་བསམ་བློ་དང་གོམས་གཤིས་མི་འདྲ་བ་ཡོང་གི་ཡོད། དཔེར་ན་བོད་ལ་བཙན་དབང་གིས་བོད་ཆས་གྱོན་མི་ཆོག་པའི་བཀའ་བཏང་བ་ཙམ་གྱིས་འགྱུར་ལྡོག་ཤུགས་ཆེ་གཏོང་ཐུབ་མེད་ཀྱང། ཕྱི་ལོ་༡༩༩༤ གཡས་གཡོན་ལ་མདོ་ཁམས་ཀྱི་འབྲོག་ཕྱོགས་རྣམས་སུ་སྐྱོབ་གསོའི་མིང་ཐོག་ནས་རྒྱ་ཆས་མང་པོ་རིན་མེད་ཀྱིས་མཁོ་སྤྲོད་བྱས་ཡོད་པ་དང། སྤྲད་ཟིན་པ་དེ་དག་ན་གཞོན་ཚོས་བེད་སྤྱོད་བྱས་པའི་རྗེས་སུ་བོད་ཆས་ལས་དུས་རྒྱུན་གཟུགས་པོ་ལ་བདེ་བ་སོགས་ཀྱིས་རྒྱ་ཆས་གྱོན་རྒྱུ་དེ་རང་བཞིན་གྱིས་དར་ཁྱབ་ཤུགས་ཆེ་རུ་སོང་བ་ལྟ་བུ་རེད།

བཙན་བྱོལ་ནང་སྐྱེས་ནས་བཟུང་བོད་པ་རང་གི་སྤྱི་ཚོགས་ཁེ་གཙང་ཞིག་ཏུ་གནས་སྡོད་བྱ་ཐབས་མེད་སྟབས། ཁོར་ཡུག་གི་ཤུགས་རྐྱེན་རང་བཞིན་གྱིས་ཡོད་པ་དང། དེ་ཡང་ཟས་གོས་གནས་མལ། སྐད་དང་ཡི་གེ་སོགས་གང་ཐད་ནས་ཤུགས་རྐྱེན་ཆེན་པོ་ཡོད། སློབ་གྲྭའི་ནང་དུ་དགེ་རྒན་གྱིས་བོད་པའི་རིག་གནས་དང་འབྲེལ་བའི་སྒྲུང་ཞིག་བཤད་ཀྱང། ཁོར་ཡུག་མི་འདྲ་བ་དང་གོམས་གཤིས་མི་འདྲ་བས་སྒྲུང་དེའི་ནང་དོན་རྟོགས་པར་དགེ་སློབ་གཉིས་ངོས་ནས་དཀའ་ངལ་མང་པོ་འཕྲད་བཞིན་ཡོད། དེར་བརྟེན་བོད་ཡིག་གི་སུམ་རྟགས་དང་བརྡ་དག་གི་འགྲོ་སྟངས་ཐོག་ནས་ཤེས་ཚད་ཧ་ཅང་ཡག་པོ་ཡོད་ཀྱང། རྩོམ་ཡིག་འབྲི་བའི་ཚེ་སྒྱུ་རྩལ་གྱི་ཐོག་ནས་བོད་པ་རང་གི་བྲོ་བ་སླེབས་རྒྱུ་ཁག་པོར་གྱུར་ཡོད།

བོད་ནང་དྲག་པོའི་དབང་བསྒྱུར་འོག་ནས་བོད་ཀྱི་རིག་གནས་རྩ་མེད་གཏོང་ཐབས་བྱས་པ་ལས། ཞི་འཇམ་གྱི་ཐབས་ལམ་ཐོག་ནས་རིག་གནས་རྩ་མེད་གཏོང་བའི་ཉེན་ཚབས་ཆེ་བ་ཡོད། བཙན་བྱོལ་ནང་སྣང་མེད་ངང་གནས་སྐབས་ཀྱི་མཐུན་རྐྱེན་ཆུང་ཙག་རིགས་དང། རང་དབང་ལུང་པར་ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་བཞིན་ཡོད་པའི་མངོན་པའི་ང་རྒྱལ་ཞིག་གིས་གཉིད་ཁུག་ནས་བོད་ཀྱི་རིག་གནས་འདི་ཉིད་རྒྱུད་འཛིན་བྱེད་རྒྱུར་འགལ་རྐྱེན་འཕྲད་བཞིན་ཡོད། ད་ལྟའི་ཆར་ལྷག་དཀར་སྲུང་རྩིའི་ལས་འགུལ་ནང་བོད་ཆས་གྱོན་དགོས་པ་དང། བོད་ཆས་གྱོན་ཡོད་ན་ལྷག་དཀར་ཡིན་མིན་འདྲི་དགོས་པ་ལྟ་བུར་གྱུར་པ་འདི་ལྟ་བུས་བཟང་ཕྱོགས་ནས་ནུས་པ་ཆེན་པོ་ཐོན་བཞིན་ཡོད་ཀྱང། ཕྱོགས་གཅིག་ནས་བོད་ཆས་ནི་རེས་གཟའ་ལྷག་པ་མ་གཏོགས་གྱོན་མི་དགོས་པ་ལྟ་བུའི་གོམས་གཤིས་ཤིག་ཀྱང་རང་བཞིན་གྱིས་ཆགས་མི་སྲིད་པ་མ་རེད།།