ས་རཱའི་གཞོན་ནུ་རུ་ཁག་ལ་ཕུལ།
༸གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་རྩ་དོན་གྱིས་སྤྲད་པའི་འགན་ཁྲི་དེ་བོད་མི་རེ་རེའི་ཕྲག་སྟེང་དུ་ཡོད། ཅེས་གསུངས་པ་བཞིན་ས་རཱའི་གཞོན་ནུ་རུ་ཁག་གིས་ལོ་་ལྟར་གསེར་ལས་ལྷག་པའི་རང་ཉིད་ཀྱི་སློབ་དུས་སྤྱདདེ་བོད་ཀྱི་རིག་གནས་བགྲོ་གླེང་རེ་གོ་སྒྲིག་གནང་གི་ཡོད་ལ།
བགྲོ་གླེང་གི་སྐབས་སུ་ས་རཱ་མཐོ་སློབ་དང་ཝར་ན་མཐོ་སློབ་སོགས་བོད་ཀྱི་ཐུན་མོན་ཤེས་རིག་གི་སློབ་གླིང་དག་དང་རྒྱ་གར་གྱི་མཐོ་སློབ་ཏུ་སྐྱོད་བཞིན་པའི་བོད་རིགས་སློབ་མ་ཁག་ཅིག དེ་བཞིན་རིག་གནས་སྤྱི་དང་ཡང་སྒོས་ནང་དོན་རིག་པའི་ཐོག་ཆེད་སྦྱོང་བྱེད་བཞིན་པའི་དགོན་སྡེ་སོགས་ལས་གྲུབ་པའི་སློབ་ཆེན་སློབ་མ་མང་དག་ཅིག་ལ་དུས་ཐུང་ནང་བོད་ཀྱི་རིག་གནས་ཀྱི་ཐོག་བགྲོ་གླེང་བྱེད་སའི་གར་སྟེགས་རེ་བསྐྲུན་གྱིས་ཡོད་པ་དེ་ནི་དོན་དང་ལྡན་པའི་བྱ་བཞག་ཅིག་དང་ཧ་ཅང་རླབས་ཆེ་བའི་སྒྲུབ་འབྲས་ཤིག་ཏུ་འཁུམས་པས་འདི་ལྟར་བྲིས་པ་ཡིན།
དེ་རིང་ཡང་ས་རཱའི་གཞོན་ནུ་རུ་ཁག་སྐབས་དགུ་པའི་སློབ་ཕྲུག་རྣམས་ཀྱིས་གོ་སྒྲིག་བྱས་པའི་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་དེ་དབུ་འབྱེད་མཛད་འགོ་གནང་སོང་ལ།་་་ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་ནི་བོད་ཀྱི་གནའ་དེང་རིག་གནས་དང་མི་རབས་གསར་པའི་ཕུགས་བསམ་གླེང་བ་ཞེས་པ་དེ་རེད་འདུག།་་་་་རླབས་ཆེན་གྱི་བགྲོ་གླེང་དེ་དབུ་འབྱེད་གནང་མཁན་གྱི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིན་འཛིན་ལགས་ས་རཱ་མཐོ་སློབ་ཀྱི་སླ་སྤྱི་སོགས་ཕེབས་འདུག་་་རླབས་ཆེ་བའི་ལས་འགུལ་དེ་དང་སྦྲགས་ནས་ངས་ང་ཚོའི་སྤྱི་ཚོགས་ཀྱི་ཞན་ཆ་འགའ་ཞིག་དང་སྦྲགས་ནས་ས་རཱའི་གཞོན་ཀྱི་ཆེ་བ་བརྗོད་འདོད་བྱུང་།།
དེ་ཡང་། དེང་སང་ང་ཚོའི་སྤྱི་ཚོགས་སྤྱི་དང་སྒོས་སུ་བཙན་བྱོལ་སྤྱི་ཚོགས་ན་ཆབ་སྲིད་པ་དང་བསམ་བློ་བ་ཡིན་ཟེར་མཁན་གྱི་སྨྱུག་འཛིན་པ་མང་པོ་ཞིག་གིས་རང་ཉིད་ལ་མིང་གྲགས་དང་ཁེ་ཕན་གྱི་ཆེད་དུ་ཁ་ཕོ་འཆད་པ་ལས་དོན་དངོས་ལག་ལེན་ཐོག་སྒྲུབ་འབྲས་གང་ཡང་སྟོན་རྒྱུ་མེད་པའི་རིགས་ཇེ་མང་ནས་ལེ་མང་ཡིན་པ་དངོས་གསལ་རེད།་་་ཡིན་ན་ཡང་ས་རཱའི་གཞོན་ནུ་རུ་ཁག་ལ་ཆ་མཚོན་ན་ཚོགས་མི་ཡོངས་རྫོགས་སློབ་ཕྲུག་ཡིན་པས་དཔལ་འབྱོར་དང་དུས་ཚོད་གང་གིས་ཆ་ནས་ཀྱང་དཀའ་ཚེགས་ཆེན་པོ་ཞིག་ཕྲད་ཀྱི་ཡོད་པ་དངོས་ཡོད་རེད་ལ།་་་ལྷག་དཔལ་གྱི་རོགས་སྐྱོར་ཐོག་ཕྱིར་བླ་ཆེན་མི་ཆེན་ཚོའི་སྒོ་དྲུང་དུ་སློང་མོ་བ་ལྟར་དུ་རྒྱུགས་དགོས་པ་དེ་ཡང་ལས་སླ་མོ་ཞིག་ག་ལ་ཡིན།་་ཡིན་ན་ཡང་དཀའ་ཚེགས་ལ་མ་འཛེམ་པར་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་འདི་ལྟ་བུ་ཞིག་གོ་སྒྲིག་བྱས་པ་དེ་ནི་དངོས་གནས་མིག་དཔེར་འོས་པ་ཞིག་ཏུ་མཐོང་སྟེ་འདི་ལྟར་བྲིས་པ་ལས་ང་དང་ས་རཱའི་གཞོན་ནུ་ཚོའི་བར་དུ་དམིགས་གསལ་གྱི་འབྲེལ་ལམ་གང་ཡང་མེད།་་ཡིན་ན་ཡང་ང་རང་བགྲོ་གླེང་དེར་ཐེངས་གཉིས་འཛུལ་ཞུགས་བྱེད་མྱོང་བས་རང་ཉིད་ཀྱི་མཐོང་ཐོས་དང་རང་ཉིད་རང་ཉིད་ལ་ཐོབ་པའི་ཉམས་མྱོང་དག་དྲ་ཐོག་ཏུ་བཀོད་དེ་དྲ་གྲོགས་རྣམས་ལ་ངོ་སྤྲོད་ཙམ་གྱི་ཆེད་དུ་ཡང་བྲིས་པ་ཡིན།
མ་འོངས་པ་ན་ས་རཱའི་གཞོན་ནུ་རུ་ཁག་ལྟ་བུའི་བོད་རིགས་གཞོན་སྐྱེས་མང་ཙམ་སྐྱེས་སྲིང་བྱེད་ཐུབ་ན་བོད་མི་རིགས་ཀྱི་རྩ་དོན་ལ་སྨན་པའི་སྒྲུབ་འབྲས་ཐོབ་ཐུབ་སྙམ་པ་དེ་ཡང་ངའི་སེམས་ངོགས་སུ་འཁོར་གྱིན་པ་ཡིན།