༄༅།། གཤེགས་ཟིན་པའི་ཆོས་གྲོགས་ཤིག་ལ་རྗེས་དྲན།
༄༅།། གཤེགས་ཟིན་པའི་ཆོས་གྲོགས་ཤིག་ལ་རྗེས་དྲན།
མི་སྙན་མྱ་ངན་ཚིག་གི་འཕྲིན་པ་ཞིག་གིས།།
མི་འདོད་སེམས་ཀྱི་གཏིང་ལ་སྐྱོ་སྣང་རེ་རེ།།
གློ་བར་ཐོག་ཏུ་བབས་པའི་དྲན་གདུང་རྨ་ཁ།།
སེམས་ཀྱི་གཏིང་ལ་དོད་པའི་ན་ཟུག་ལྕི་ཨང་།།
བརྗེད་མེད་སེམས་ཀྱི་ཆོས་གྲོགས་གཤིན་ཡུལ་ཆེས་སོང་།།
མི་འདོད་གཤིན་ཐངརིང་མོ་འགྲིམས་དགོས་བྱུང་སོང་།།
བརྩེ་བའི་གྲོགས་དང་གཉེན་ཉེ་མིང་སྲིང་སོགས་ལ།།
གློ་བར་ཁད་ཀྱིས་འབྲལ་བའི་སེམས་པ་སྟོང་སོང་།།
མ་འོངས་ལྷན་འཛོམ་བྱུང་བའི་དུས་སྟོན་སྒུག་ཀྱང་།།
འཇིགས་རུངས་གཤེན་རྗེ་ཕོ་ཉ་གློ་བར་བསླེབས་སྟེ།།
ངམ་གནག་ཕྱི་མའི་ཡུལ་ལ་ཁད་ཀྱིས་ཁྲིད་དེ།།
ཉམ་ཆུང་གྲོགས་བཟང་འདི་དང་གསོན་བྲལ་བྱུང་སོང་།།
མི་རྟག་གཤེན་རྗེ་ཕོ་ཉ་སྙིང་རྗེ་མི་འདུག།།
འདི་སྣང་སྒྱུ་མའི་ཁམས་ལ་སྙིང་པོར་མ་མཆིས།།
སྐྱོ་གདུང་བརྩེགས་མ་ཞིག་གིས་འོག་རིམ་ཁྲོད་ན།།
གྲོགས་ཀྱི་བརྩེ་བ་གསོན་པོར་སྙིང་ལ་དྲན་ནོ།།
ཉེར་གཅིག་དུས་རབས་འདི་ཡི་དྲྭ་ལམ་བརྒྱུད་དེ།།
གླེང་མོར་གཟིགས་མཐོང་ནང་ནས་sykpe་ཁྱེད་ཀྱི་ཞལ་རས།།
ད་དུང་ཡལ་རྒྱུ་མེད་དེ་ལྷང་ལྷང་དྲན་གི།
གནམ་འོག་འཇིག་རྟེན་ཡིད་ཆེས་དཀའ་གི།
སྐྱིད་སྡུག་ལོ་རྒྱུས་གླེང་སའི་ང་ཡི་གྲོགས་བཟང་།།
སྐད་གཉིས་སྨྲ་བའི་ཆོས་གྲོགས་གཏན་ཚིག་ཅན་པོ།།
ད་ལྟ་མཇལ་རྒྱུ་མེད་པའི་ངང་ཚུལ་བསམ་ན།།
སྙིང་གི་ཤ་ཡང་ཞིག་པའི་ཚོར་འདུ་ལྕི་ཨང་།།
སེམས་ཀྱི་གྲོགས་བཟང་དྲན་པའི་ས་མཐའ་འདི་ན།།
ལུས་སེམས་གདུང་བའི་མནར་བས་བདག་མེད་ཁེར་རྐྱང་།།
རྡ་སའི་དུད་སྨུག་ཁྲོད་ན་ཁྱེད་ཉིད་གླེང་བཞིན།།
སེམས་པ་རླུང་བུས་གཏོར་བའི་སྐྱོ་སྣང་མང་གི།།
ཁྱེད་ཉིད་སྙུན་གཞིས་ཐེབས་ཚུལ་ཐང་མང་གོའང།།
ཐབས་ཤེས་བདག་གི་མ་འཇོན་རྡ་སའི་རི་ནས།།
སེམས་པ་སྐྱོ་བའི་ཁེངས་བའི་ལོ་རྒྱུས་མང་མོད།།
དོན་གྱིས་ཞབས་ཞུ་མ་འགྲུབ་ང་རེ་ངན་སོང་།།
མི་ཡུལ་འཇིག་རྟེན་འདི་ནས་གཏན་དུ་གྱེས་པའི།།
ང་ཡི་ཆོས་གྲོགས་འདི་ལ་ཐར་བའི་ལགས་སྐྱེས།།
འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ཚིག་གྱེར་ཏེ།།
ཕྱི་མའི་ཐར་བའི་ཟིན་པའི་ལགས་སྐྱེས་འདི་ཡིན།།
སྐྱིད་སྡུག་ཡིད་གཉིས་ཞུ་ས་སྙིང་གི་ཉི་མ།།
འདི་དང་ཕྱི་མའི་ལམ་སྟོན་ཆོས་རྗེ་བླ་མ།།
ཚེ་རབས་གཏན་གྱི་སྐྱབས་གཅིག་ཡིད་བཞིན་ནོར་བུས།།
བདེ་ལྡན་དག་པའི་ཞིང་ལ་འདྲེན་པར་ཞུའོ།།
མ་བཅོས་སེམས་ཀྱི་དྲན་པའི་སྐྱོ་བའི་རྗེས་དྲན།།
སྙུམ་པའི་རྩེ་ནས་ཤོར་བའི་ཁེར་རྐྱང་བུ་ངས།།
ང་ཡི་གྲོགས་བཟང་དྲན་པའི་སྐྱོ་གླུ་ཐུན་གཅིག།
རེ་རིང་རྡ་ས་རི་ནས་སེམས་ལ་འཐོར་སོང་།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་
བཞུགས་སྒར་རྡ་རམ་ས་ནས་ནུབ་གླིང་ན་བཞུགས་པའི་ཆོས་གྲོགས་ཤིག་སྐུ་དྲུང་རྗེས་
སེམས་པ་སྐྱོ་ལྷང་ལྷང་གིས་ངང་ནས་ཁ་ཐུག་ལ་སུག་བྲིས་སོ།། ༢༠༡༢ ༧ ༣༠