ལྷམ་གྱི་སྟེང་ན་སངས་རྒྱས་ཀྱི་སྐུ་བརྙན།

 

ལྷམ་གྱི་སྟེང་ན་སངས་རྒྱས་ཀྱི་སྐུ་བརྙན།

དེ་རིང་རྒྱ་གར་གྱི་པེ་ཏི་ཡ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་དུ་ཨ་རི་ཁེ་ལུ་ཧྥོ་ནི་ཡར་རྟེན་གཞི་བྱེད་པའི་ཨ་ཁེ་ཤུང་ཞེས་པའི་ལྷམ་གྱི་ཚོང་ལས་ཁང་ཞིག་ནས་སངས་རྒྱས་ཀྱི་སྐུ་པར་བཀྱོན་པའི་ལྷམ་ཞིག་བཟོ་སྐྲུན་བྱས་འདུག   དེའི་ཐད་དུ་བོད་པ་གཙོས་ནང་པ་བ་རྣམས་ཀྱིས་ཁོང་ཁྲོ་དང་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་འདུག

   རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གཞོན་པ་བུ་ཆུང་ཚེ་རིང་ལགས་ཀྱིས་གསུང་དོན་ལ་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་པར་ནི་ནང་པ་ཚོ་ལ་ཧ་ཅང་རྩ་ཆེན་ཞིག་ཡིན་པ་དང་ལྷམ་གྱི་སྟེང་དུ་སངས་རྒྱས་ཀྱི་སྐུ་པར་བཀྱོན་པ་དེ་ནི་ནང་ཆོས་ལ་ཁྱད་བསད་དུ་འགྱུར་གྱིན་ཡོད་ཅེས་འགྲེལ་བརྗོད་དང་སྦྲགས་ཚོང་ལས་ཁང་དེ་ལ་སངས་རྒྱས་ཀྱི་སྐུ་པར་ཅན་གྱི་ལྷམ་ཡོད་ཚད་ཕྱིར་བསྡུ་བྱ་དགོས་པའི་རེ་འདུན་བཏོན་འདུག   བྱང་ཨ་རི་ཁུལ་གྱི་བོད་པའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཀྱང་ཚོང་ལས་ཁང་དེར་ངོ་རྒོལ་གྱི་ཕྱག་བྲིས་ཤིག་ཕུལ་བའི་ནང་དུ་ཨ་རིའི་ཚོང་ལས་ཁང་དེས་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་སངས་རྒྱས་ཀྱི་སྐུ་པར་ལྷམ་གྱི་སྟེང་དུ་བཀྱོན་པའི་ཚབས་ཆེན་གྱི་གནས་ཚུལ་དེར་ཧ་ལས་ཧོན་འཐོར་གྱིས་བློ་ཕམ་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་དང་།  ད་དུང་སངས་རྒྱས་བཅོམ་ལྡན་འདས་ནི་བླ་ན་མེད་པའི་སྐྱེས་ཆེན་ཞིག་ཡིན་སྟབས་ཁྱེད་རྣམས་ཀྱིས་བཙོང་ཟིན་པའི་ཚོང་རྫས་དེ་དག་གི་རིགས་ཕྱིར་བསྡུ་བྱ་དགོས་པ་དང་འབྱུང་འགྱུར་ཡང་དེ་ལྟར་བཟོ་སྐྲུན་མ་གནང་རོགས་ཞེས་རེ་སྐུལ་ནན་ཏན་གྱིས་ཞུས་འདུག   ཨ་ཁེ་ཤུང་ཞེས་པའི་ཚོང་ལས་ཁང་གི་ངོ་དེབ་ནང་དུ་བོད་པ་དང་འབྲུག་པ་གཙོས་ནང་པ་མང་དག་ཅིག་གིས་སྐྱོན་བརྗོད་དང་འབྲེལ་བྱ་སྤྱོད་དེ་དག་ནི་རང་གི་ཁེ་ཕན་གྱི་ཆེད་དུ་བཟང་སྤྱོད་དང་འགལ་བར།    ནང་པ་ཚོའི་ཚོར་སྣང་བརྩི་མེད་རྡོག་རུལ་དུ་གཏོང་བ་ཡིན་ཞེས་བྲིས་འདུག   ཡིན་ནའང་ད་ལྟའི་ཆར་ཚོང་ལས་ཁང་དེས་བཟང་ངན་གང་རུང་གི་ཡ་ལན་ཅི་ཡང་སྤྲོད་མི་འདུག   ཨ་ཁེ་ཤུང་ཞེས་པའི་ཚོང་ལས་ཁང་དེ་ནི་སྤྱི་ལོ་༡༩༩༩ལོར་ཨ་རི་གློག་བརྙན་བཟོ་སྐྲུན་པ་ཞིག་གིས་གསར་འཛུགས་བྱས་པ་དང་ཚོང་ལས་ཁང་དེས་དེ་སྔར་བོད་པའི་ལྷམ་དང་རྒྱབ་ཁུག་སོགས་མང་པོ་བཟོ་སྐྲུན་བྱས་ཏེ་དེ་དག་གི་སྟེང་ན་རི་མོ་སྒྱུ་རྩལ་དག་གིས་རི་མོ་འདྲ་མིན་བྲིས་ཏེ་བཙོང་ཡོད་འདུག    

          ༢༠༡༢