༄༅།། སྐྱོ་སྣང་གི་འཇིག་རྟེན།

༄༅།།                      སྐྱོ་སྣང་གི་འཇིག་རྟེན།                                          སྨུག་རྒྱུའི་ཐང་གི་འཆར་སྣང་།། ལྡོག་མེད་སེམས་ལ་འཁོར་ཐལ།།   

    སྐྱོ་བའི་སྣང་ཤེས་ཁྲོད་ནས།། དམ་པའི་ལྷ་ཆོས་དྲན་ཐལ།།

སྙིང་པོ་མེད་པའི་འཇིག་རྟེན།། བྱེ་མའི་ཁང་བུ་འདྲ་བ།། 

སེམས་ལ་ཞེན་ཆགས་ཆེ་རུང་།། རང་སེམས་སྡུག་ལ་སྦྱར་འགྲོ།།

དབྱར་གྱི་སྤང་རྒྱན་མེ་ཏོག། མིག་ལ་ཇི་ལྟར་མཛའ་འང་།།

སྟོན་འཇུག་ལྷགས་པ་ལྡང་དུས།། མི་བརྟན་སད་ཀྱིས་བཅོམ་འགྲོ།།

འཇིག་རྟེན་འཁོར་བའི་བྱ་བཞག།། འདི་དང་གཅིག་མཚུངས་ཡིན་པ།།

སེམས་ཀྱི་གཏིང་ལ་ཟིག་སྐབས།།  རྫུན་མའི་འཇིག་རྟེན་རྟོགས་འགྲོ།

ལྷིང་འཇགས་མེད་པའི་འཇིག་རྟེན།།  ཕུགས་ཀྱི་གཤེད་མ་ཡིན་པ།།

འདིའི་དོན་སེམས་ལ་རྟོགས་ན།། ཞེན་ཆགས་ཁད་ཀྱིས་ལྡོག་འགྲོ།།  

      ཁྲ་ཁྲ་ཟིང་ཟིང་ཁྲོད་ནས།། དར་རྟེན་ཟད་ཀྱིས་ཁྱེར་ན།།

 མི་ཚེའི་སྙིང་དོན་མ་འགྲུབ།། འཆི་ཁ་འགྱོད་ཀྱང་ཅི་བྱ།།        

    ལྷད་མེད་སེམས་ཀྱི་དམ་ཆོས།། མི་ཚེའི་སྙིང་དོན་ལགས་པོ།།      

   འདི་དང་འཕྲད་པའི་དུས་སུ།། མྱུར་དུ་དོན་ཡོད་བྱ་དགོས།།         

   འདི་སྣང་རྫུན་གྱི་འཇིག་རྟེན།། ཡོད་ཡོད་གྲུབ་གྲུབ་སྣང་ཡང་།།       

     དོན་ལ་སྙིང་པོར་མེད་པ།། ཤེས་ན་ངོ་མཚར་སྐྱེ་འོང་།།         

 བརྟེན་འབྱུང་སྒྱུ་མའི་རང་གཤིས།། མྱུར་དུ་སེམས་ལ་འཁྲུང་ན།།     

   འདི་སྣང་སྙིང་པོར་མེད་པ།། རྟོག་ན་ཇི་འདྲའི་སྐྱིད་པ།།          

    འབྱོར་མེད་གསེར་ལྡོམ་བུ་ངའི།། སྐྱོ་བའི་སྣང་ཤེས་དམར་པོ།།  

    དྲན་པའི་དཀྱིལ་ལ་ལྡང་སྐབས།། རྡ་སའི་རི་ནས་ཤོར་སོང་།། 

གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བཞུགས་སྒར་རྡ་རམ་ས་ནས་རང་ཤག་ཉི་འོད་འཁྱིལ་སའི་སྒེའུ་ཁུང་ངོགས་སུ་སུག་བྲིས་སོ།། ༢༠༡༢  ༨ ༥