བོད་ནང་གི་ཆབ་སྲིད་གནས་བབ་ལ་བསམ་ཚུལ།
དང་པོ། བོད་ནང་གི་གནས་བབ་ལ་ལྟ་བ། ༼དཀའ་ངལ་དང་གདོང་ལེན་དགོས་པའི་ཕྱོགས།༽
བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རྒྱུན་མཐུད་སྤེལ་བཞིན་ཡོད། སྤུན་ཟླ་ཚོའི་དཔའ་ངར་དང་བློ་ཁོག་ནི་ཧ་ལས་དགོས་པ་ཞིག་རེད། ཁོང་རྣམས་ཀྱིས་རང་གི་ཡོངས་རྫོགས་བློས་བཏང་གིས་རང་མི་རིགས་ཀྱི་བདེ་དོན་འཁུར་དུ་བླངས་ཏེ་གཞིས་ལུས་བོད་མི་མང་ཚོགས་ཀྱིས་བཤད་བསམ་ཡང་བཤད་མི་ཕོད་ཅིང། རྒྱུན་རིང་སེམས་ལ་བརྣག་པའི་སྙིང་གི་རེ་འདུན་སྟེ། ༸གོང་ས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་རང་བཙན་དགོས། བོད་ལ་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་དགོས། སོགས་ཀྱི་འབོད་སྒྲ་ བསྒྲགས་ཏེ་དཔའ་ངར་ཆེན་པོས་རང་ལུས་ཞུགས་འབུལ་ཕུལ་ཡོད་པ་རེད། བོད་མི་རྣམས་ཀྱིས་སེམས་སུ་ཁོང་རྣམ་པའི་རིན་ཐང་ཆེ་བའི་ཚེ་སྲོག་ཕུལ་བའི་ལས་འགུལ་དེས་རྒྱལ་སྤྱིའི་ཐོག་ ནས་བོད་ཀྱི་དངོས་ཡོད་མཐོང་ཐབས་དང་ཁྱབ་བསྒྲགས་སོང་བའི་གནས་སྟངས་གསལ་དུ་སོང་བར་བདེན་ཡང་དེ་ནི་རང་མི་རིགས་ཀྱི་གཞོན་དར་ཚོའི་ཚེ་སྲོག་གཅིག་རྗེས་གཉིས་མཐུད་ཀྱིས་གཤིགས་བཞིན་པ་འདི་ནི་རང་རིགས་ཀྱི་སེམས་ལ་བརྗོད་མི་ཤེས་པའི་རྨ་ཁ་བཟོས་ཡོད་ལ། ལས་འགུལ་དེའི་ཁེ་ཕན་ལས་གྱོང་རྒུད་ཚབ་ཆེ་བ་བར་ངོས་འཛིན་བྱེད་མཁན་ཡང་ཡོད།
༢། རྒྱ་གཞུང་གི་ངན་ཇུས་སྤེལ་ཕྱོགས།
ཉེ་དུས་རང་སྐྱོང་ལྗོངས་སུ་ཕྱི་བསྡོད་བོད་རིགས་སྤུན་ཟླ་ཟེར་བའི་མིང་ཐོག་ནས་བཙན་བྱོལ་ནང་གི་མི་སྣ་ཚོར་སྲིད་གྲོས་སུ་གོ་ས་དང་དབང་ཆ་ཟུར་བཅད་ཀྱིས་བོད་དུ་ཕྱིར་ལོག་ཐབས་ཀྱི་བྱ་བ་ཕྱི་བསྒྲགས་དང་ལས་གཞི་འགོ་བརྩམས་ཡོད་པ་རེད། སྤྱིར་ན་ང་ཚོའི་གནས་བབ་ནི་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་བོད་དུ་ལུགས་མཐུན་ངང་ནས་ཕྱིར་ལོག་རྒྱུ་ནི་མི་སྲིད་པ་ཞིག་རེད། འོན་ཀྱང་རྒྱ་གཞུང་གིས་གཡོ་སྒྱུ་ལ་མ་ལྟོས་པར་བོད་ནི་ང་ཚོའི་ཕ་ས་མ་གཞིས་ཡིན་ཞིང། མ་འོངས་པར་ང་ཚོ་གངས་ལྗོངས་ཀྱི་སྤང་ལ་ལོག་དགོས་པ་དེ་ནི་སུས་ཀྱང་སྡོམ་རྒྱས་བཙན་གྱིས་བཙིར་ཐབས་མེད་པའི་ང་ཚོའི་རང་གི་ཐོབ་ཐང་ཡིན། བོད་ནང་དུ་རྩ་དོན་རྩོད་ཐུབ་པའི་དཔའ་བློ་གྲོས་ལྡན་པའི་རྒྱ་གཞུང་འོག་ཏུ་གནས་པའི་ལ་རྒྱ་ཅན་གྱི་གང་ཟག་རེ་གཉིས་འབྱུང་ནའང་དམར་གཞུང་གིས་དུས་བསྟུན་རྩ་མེད་བཟོ་བཞིན་པ་ནི་མི་རིགས་རྩ་མེད་བཟོ་འདོད་ཀྱི་ཧམ་ཆེན་རང་རེད། དེ་མིན་ཉེ་དུས་ཆབ་སྲིད་བཙོན་ཟུར་གྲགས་ཅན་གློད་གྲོལ་གྱིས་རྒྱལ་སྤྱི་ལ་བཟང་ཕྱོགས་ཀྱི་རྣམ་འགྱུར་བཏོན་ཐབས་བྱེད་པ་འདིའང་རྒྱ་ནག་གི་བྱེད་སྟངས་གཞན་ཞིག་རེད།
༣། ནུས་ལྡན་གྱི་ལས་འགུལ་སྤེལ་ཐབས་དཀའ་བ།
ད་བར་བོད་གཞིས་ལུས་སྤུན་ཟླ་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་ནག་དམར་གཞུང་གི་ངན་ཇུས་ལ་ཞི་བའི་ངོ་རྒོལ་རབ་དང་རིམ་པ་བྱས་ཡོད་ཅིང། རྒྱ་ནག་གཞུང་གིས་ཀྱང་མངོན་སུམ་འཛེམས་མེད་ཀྱིས་དྲག་པོའི་དམང་དཔུང་གིས་དྲག་གནོན་ཚད་གཞི་བརྒལ་བ་བྱས་མྱོང་ཡོད་པ་རེད། ཡིན་ཡང་ད་དུང་གཞིས་ལུས་སྤུན་ཟླའི་ལས་འགུལ་གཞན་མང་ཆེར་ནི་དུས་ཡུན་ཙམ་ལས་སྤེལ་ཐབས་མེད་པའི་རྐྱེན་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་དང་ཕྱི་ནས་དེའི་གོ་རིམ་དང་བཅས་པ་ཤེས་རྟོག་དཀའ་བར་གྱུར་ཡོད་པ་རེད། དེ་མིན་རྒྱ་ནག་དམར་གཞུང་ལ་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་བཟོ་ཐབས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཐབས་མེད་པའི་རྐྱེན་གྱིས་དེ་མཐུན་གྱི་བློས་བཏང་གནང་བའི་ལས་འགུལ་དེའི་ཁྱབ་ཚད་དང་གྲུབ་འབྲས་ཚད་མཐོན་པོར་སོན་མིན་གྱི་གནས་སྟངས་མང་བ།
གཉིས་པ། དམར་གཞུང་གི་ངན་ཇུས་ལ་གདོང་ལེན་བྱེད་ཕྱོགས་འགའ། ༼རྒྱུན་འཁྱོང་ཡོང་ཐབས་དགོས་པའི་ལས་འགུལ་འགའ།༽
༡། ཆོས་ལུགས་ཀྱི་མཛད་སྒོ་ཁག་སྔར་བས་ཟབ་རྒྱས་སྤེལ་ཐབས།
དེའང་དེང་དུས་སུ་དཔྱོད་ཤེས་ཀྱི་མིག་ཡོད་མཁན་ཚོས་ངེས་པར་དུ་མཐོང་དགོས་པ་ཞིག་སྟེ། རང་རིགས་ཕྱོགས་ནས་༸གོང་ས་རྒྱལ་བ་རིན་པོ་ཆེས་གཙོས་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཏུ་ཆབ་སྲིད་ཀྱི་ཤེན་ཞུགས་མེད་པར་འབད་བརྩོན་གནང་བཞིན་ཆོས་ཕྱོགས་ཀྱི་མཛད་འཕྲིན་གཙང་མ་ཡོང་ཐབས་གནང་བ་མ་ཟད། སྐུ་ཉིད་ཀྱིས་ཆབ་སྲིད་ཀྱི་དབང་ཆ་མི་མང་གིས་འོས་འདེམས་བྱས་པའི་དབུ་འཁྲིད་རྣམས་ལ་བརྩིས་སྤྲོད་ཟིན་པ་རེད། འོན་ཀྱང་དེ་ལས་ལྡོག་སྟེ་རྒྱ་དམར་ཕྱོགས་ནས་བོད་ནང་གི་ཆོས་ལུགས་མཛད་སྒོ་ཁག་ལ་དོ་དམ་ནན་པོ་བྱེད་བཞིན་ཆོས་ལུགས་ཀྱི་ བྱེད་སྒོ་མཐའ་དག་གི་རྒྱབ་ལྗོངས་སུ་ཁ་བྲལ་རིང་ལུགས་པ་ཉུང་ཤོས་ཟེར་བས་ཆབ་སྲིད་ཀྱི་ངན་ཇུས་གཤམ་ཡོད་ལུགས་ལ་བསྙད་དེ་ལམ་ལྷོང་ཡོང་རྒྱུར་ཧ་ཅང་དཀའ་ཁག་བཟོས་ཡོད། དེར་ བརྟེན། ང་ཚོའི་ཕྱོགས་ནས་སྨོན་ལམ་འདུ་ཚོགས་དང་ས་ག་ཟླ་བ། རི་བསྟོད་དང་ཞོ་བསྟོད་སོགས་རྒྱ་གང་ཆེར་སྤེལ་ཐབས་ཀྱིས་བོད་མིའི་སེམས་དང་བསམ་པ་གཅིག་སྒྲིལ་ལ་མུ་མཐུད་ ཤུ གས་གནོན་རྒྱག་དགོས།
༢། ཁྲིམས་གཏུག་གི་ལས་གཞི་འགོ་བརྩམས་རྒྱུ།
རྒྱ་ནག་ཏུ་གྲངས་ཉུང་མི་རིགས་ཀྱི་ཁྲིམས་སྒྲིག་ཡོངས་རྫོགས་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཁྱབ་ཀྱི་དབང་ཆ་ཁག་གསལ་ཡོད་སྟབས། ང་ཚོའི་གཞིས་ལུས་སྤུན་ཟླ་ཚོས་རྒྱ་འོག་གི་ཁྲིམས་སྒྲིག་ཁག་གི་འབྲུ་དོན་བཞིན་དོན་དངོས་ཐོག་ལག་བསྟར་ཡོང་བར་ཤུགས་གནོན་རྒྱག་རྒྱུ་དང། ཆབ་སྲིད་དང་འབྲེལ་མེད་ཀྱི་གྱོད་དོན་ཁག་ལའང་ཁྲིམས་རྩོད་པ་གདན་ཞུའི་སྒོ་ ནས་རང་གི་བདེན་པ་ར་སྤྲོད་ཡོང་ཐབས་དགོས། དཔེར་ན་དེ་སྔོན་རྒྱ་ནག་གི་ཁྲིམས་རྩོད་པ་ཆེད་མཁས་ཀོའོ་ཀྲི་ཧྲིན་བདེན་པར་རྒྱབ་ལངས་བྱས་རྐྱེན་འཛིན་བཟུང་བྱས་ཤིང། དེ་མིན་ཉེ་ དུས་ཨ་རིའི་རྒྱ་ནག་ལ་རོགས་སྐྱོར་ལྷན་ཚོགས་ཤིག་གིས་རྒྱ་འོག་ཏུ་ཆོས་ལུགས་དད་མོས་ཀྱི་རང་དབང་དང་ཁྲིམས་ཀྱི་ལམ་ནས་བདེན་པ་བརྩོན་མཁན་ལས་འགུལ་བ་རྒྱ་མི་གསུམ་ལ་དཔའ་ངར་ཅན་གྱི་གཟིངས་རྟགས་ཕུལ་ཡོད་པ་རེད།
༣། ལྷག་དཀར་སྲུང་བརྩི་ལས་འགུལ་རྒྱ་ཁྱབ་གཏོང་བ།
རྒྱ་ནག་དམར་གཞུང་གིས་ཉམས་ཆུང་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་དང་བཅས་པ་རྩ་མེད་ཀྱི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ་བོད་མི་རིགས་འདི་རྩ་མེད་བཟོ་ཐབས་ཀྱི་ཇུས་ངན་སྤེལ་བཞིན་ཡོད། དེར་བརྟེན་ལྷག་དཀར་སྲུང་བརྩི་ནི་ཆོས་ཕྱོགས་ཀྱི་བྱ་སྤྱོད་ཅིག་ཡིན་བཞིན་དུ། དུས་མཚུངས་སུ་རྒྱ་ནག་དམར་གཞུང་གིས་ངོས་འཛིན་བྱེད་བཞིན་པའི་ཆབ་སྲིད་ཀྱི་ ལས་འགུལ་གཞི་རྒྱ་ཆེ་ཞིང་དོན་སྙིང་ལྡན་པ་ཞིག་ཡིན་ཕྱིན་ལྷ་དཀར་ཉིན་མོ་སྲུང་བརྩིའི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་འདི་རྒྱ་ཁྱབ་གཏོང་ཐབས་ལ་འབད་དགོས།
༤། མི་རིགས་སྲུང་སྐྱོབས།
བོད་མི་རིགས་འདིའི་སྐད་དང་ཡི་གེ རིག་གཞུང་སྲུང་སྐྱོར་གྱི་ལས་འགུལ་ཁག་གཙོས། དེ་མིན་བོད་ཀྱི་ཞིང་འབྲོག་གཉིས་ཀྱི་ཡུལ་ལུང་གང་སར་རང་གི་ལུང་པའི་ཐོན་ཁུངས་སམ་ཟས་རིགས་སྣ་ཚོགས་དང་ཐོན་རྗས་རྒྱུན་དུ་བེད་སྤྱོད་སོགས་ཀྱི་ལས་གཞི་སྤེལ་ཏེ་རྒྱ་ནག་གི་དབང་སྒྱུར་ལ་མི་བསྟུན་པའི་ཞི་བའི་ངོ་རྒོལ་སྤེལ་ཐབས་དགོས། གཙོ་བོ་བོད་རིགས་ནང་ཁུལ་དུ་རང་སྐད་ གཙང་མ་རྒྱག་རྒྱུ་དང་། རང་རིགས་ཀྱི་གོམས་གཤིས་དང་ལུགས་སྲོལ་བཟང་པོ་སོགས་བོད་མི་རིགས་ཀྱི་ལ་རྒྱ་དང་འབྲེལ་བའི་སྲོལ་བཟང་དག་རྒྱུན་སྐྱོང་ལ་འབད་དགོས།
༥། གཞི་རྒྱ་ཆེ་བའི་ལས་འགུལ་སྤེལ་ཕྱོགས།
ད་ལྟའི་ཆར་རང་ལུས་ཞུགས་འབུལ་གྱི་གནས་སྟངས་འོག་བོད་གང་སར་ཛ་དྲག་དང་ཡ་ང་བའི་གནས་སྟངས་འོག་གནས་བཞིན་པ་དང། དེ་མིན་གཙོ་བོ་དྲ་རྒྱའི་ལམ་ཁ་བརྒྱུད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མི་མང་གི་མིག་མདུན་ནས་ཐད་ཀར་དྲག་སྤྱོད་རྒྱ་ཆེར་་ལག་བསྟར་བྱེད་ཐབས་དཀའ་བར་སོང། ང་ཚོས་དུས་ཡུན་ནང་ནུས་ཤུགས་ཡོངས་ཕྱོགས་གཅིག་ཏུ་སྤུངས་ཏེ། རྒྱ་ནག་གི་མ་འོངས་པའི་དུས་འགྱུར་གྱི་གོ་སྐབས་བྱུང་ངེས་སྐབས་སུ་བོད་ཕྱི་ནང་གཉིས་ནས་མི་རིགས་འདིའི་འདོད་དོན་གསལ་པོ་ཁྱབ་བསྒྲགས་དང། དེ་དང་བསྟུན་ནས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་ཕྱོགས་ཡོངས་ནས་གྲ་བསྒྲིག་ཨང་གསར་བྱེད་དགོས།
མཇུག་གཏམ།
འདིར་གསལ་བརྗོད་འདོད་པ་ཞིག་ནི། གོང་གསལ་གྱི་བསམ་ཚུལ་དག་དབུ་མའི་ལམ་གྱི་ཐབས་ལམ་དང་རང་བཙན་གྱི་ལངས་ཕྱོགས་ག་རེ་ཡིན་ཡང་ངེས་པར་དུ་སྤེལ་དགོས་པའི་ལས་འགུལ་ཤ་སྟག་རེད་སྙམ། ད་ལྟའི་དུས་ཀྱི་ཛ་དྲག་གི་གནས་སྟངས་ལ་བརྟེན་ནས་ང་ཚོས་ངེས་པར་དམར་གཞུང་གིས་རང་རེའི་འདོད་དོན་ངོས་ལེན་ཡོང་ཐབས་ལ་འབད་བརྩོན་ཧུར་ལེན་དགོས་པའི་དུས་ཡིན་པ་ལས་ཁྱོད་ཀྱི་ཁ་དང་ངའི་རྣ་ཟེར་ནས་ལྷོད་བསྡོད་བྱེད་པའི་དུས་མ་ཡིན་ནོ། དཔེར་ན་ཚང་མར་སངས་རྒྱས་རྒྱུའི་འདུན་པ་ཡོད་པ་ཧ་ཅང་གསལ་པོ་ཡིན་ན། དེ་ནི་ཆོས་རྒྱུད་ཀྱི་ཚན་པ་གང་ལ་སྦྱོང་བརྩོན་བྱེད་མཁན་ཞིག་ཡིན་ཡང་གང་ཟག་རེ་རེས་དངོས་སུ་ཉམས་ལེན་གྱི་ཐབས་ལམ་དང་སྤུས་ཚད་ལ་རག་གཙོ་བོ་ལུས་པ་ལས། གང་ཟག་དེས་གཏམ་བཤད་ཀྱི་ནང་དོན་ནམ་ཁ་ཕོའི་འུར་གཏམ་སུས་རྫིགས་པོ་བསྒྲགས་འདུག་པར་ལྟ་རྒྱུ་ཞིག་མིན་པར་ཧ་ ཅང་གསལ་པོ་རེད། དེར་བརྟེན། ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ཚང་མས་མ་འོངས་པར་སྤུས་ཚད་དང་ནུས་ལྡན་གྱི་ངོ་རྒོལ་ལས་འགུལ་ཇི་ལྟར་སྤེལ་མིན་ལ་ཚང་མས་མང་ཙམ་བློ་བསྐྱེད་བྱེད་རྒྱུའི་རེ་བ་ཆེའོ།
ཕྱི་ལོ་༢༠༡༢ ཟླ་་༧ ཚེས་༢༩ ཉིན་བྲིས། ༼རྩོམ་དུམ་འདི་སྭ་ར་མཐོ་སློབ་དང་ཚོགས་པའི་སློབ་མ་མདུན་ནས་གྲོས་འགོའི་ཚུལ་གྱིས་བསམ་ཚུལ་བཤད་ཡོད།༽