རྡ་སའི་སྐབས་འཚོལ་བ་དག་གླེང་ན།
<<རྡ་སའི་སྐབས་འཚོལ་བ་དག་གླེང་ན>>
_____འཛུམ་དམུལ་དམུལ་གྱི་འོག་ཏུ་ཡབ་པའི་བོད་གཞུང་གི་སྐབས་འཚོལ་རིང་ལུགས་པ་དག་ལ།
བལྟས་ན་མི་མངོན་རྡ་སའི་རི་མགོ་ན།།
གླེན་པས་གླེན་པར་བཏེགས་པའི་ལུཊ་རྙིང་གདའ།།
ཡར་ལ་བཀྱགས་ཏེ་ཕོ་བྲང་ཁ་རུ་ཐོན།།
མར་ལ་བབས་ནས་ཀུན་བཟོད་གསེང་དུ་འཛུལ།།
ཁ་བྱང་མྱི་དང་རྦུ་བའི་སྐད་ཆ་ཡོད།།
མཛེས་པའི་དར་དང་ཝུ་བའི་གོ་ས་ཡོད།།
རང་གི་ལུགས་སྲོལ་གཞན་གྱིས་སྟན་བྱས་པའི།།
ལུས་ལ་མཚོན་སྐྱོབ་མེད་པའི་དཔའ་བོ་མང་།།
འབྱོར་ལྡན་མཐོང་ན་ཁྱེད་ཅག་ལྕིག་ལྕིག་འདར་།།
གནས་ལུགས་གསོན་པོ་རྙེད་པའི་ཧྲག་བར་ནས།།
ལ་ཞེན་ཡོད་ཚད་འདྲུལ་སྟངས་མཐོང་བ་འདིར།།
རྒྱུག་ཁྱིའི་གཏམ་རྒྱུད་བལྟས་པའི་གློག་བརྙན་ཡིན།།
དཔོན་པོས་དཔོན་པོར་གནས་ལུགས་ཅི་ཞིག་འཆད།།
རྗུན་པས་རྗུན་པར་རྒྱུ་མཚན་གང་ཞིག་འདྲེན།།
མདོར་ན་དེང་གི་རི་ལུང་ཁུག་པའི་ནང་།།
ཤ་མི་ཟ་བའི་ཁྱི་ཞིག་འདི་ན་དབེན།།
ཆེ་བ་ཁང་ཐོག་རླུང་རྟ་མིན་ཆད་ནས།།
ཆུང་བ་སྒོ་ཁའི་ཁྱི་ཕོར་ཡིན་ཆད་ན།།
གདོང་ལ་འཛུམ་གྱིས་ཁེངས་བཞིན་ཚལ་བར་གཤཊ།།
ཁྱིམ་གཞིས་འདི་ནི་ཁྱི་ཡི་ཁྱིམ་གཞིས་ཡིན།།
དབུ་སྐྲ་གསེར་འོད་འཁྱིལ་ནས་བགྲོད་སྟངས་དང་།།
མིག་ཤེལ་ནག་པོ་གོན་ནས་འགྱིངས་སྟངས་གཉིས།།
མཁས་མདོག་ཕྱག་བཞེས་དབེན་པའི་ལས་ལ་དཀའ།།
སོམས་ན་ལྕི་དྲི་ཁ་བའི་གནས་ལུགས་ཡིན།།
ཕྱི་དགྲའི་ཐོག་ལ་ལུག་གི་བལ་ལས་འཇམ།།
ནང་གི་སྤུན་ལ་རལ་གྲིའི་སོ་ལས་རྣོ།།
སྤང་གཉེན་ལོག་པར་སོང་བའི་ཤུལ་ལམ་ན།།
ང་ཚོ་རེ་བ་བྲལ་བའི་ཁེར་རྐྱང་ཡིན།།
ངས་ཉིན་ལྟར་རྡ་སའི་རི་ངོས་ལ་མིག་རིག་རིག་ཏུ་བལྟས་བལྟས་ནས་རྙེད་པའི་གནས་ལུགས་དམར་པོ་དེ་དག་དེ་རིང་དངོས་སུ་ཁ་ནས་བཤད་པ་ཡིན།ཡིན་ནའང་ངས་བཤད་བཞིན་པའི་སྐད་ཆ་འདི་དག་ཁྱེད་ཚོས་བདེན་དཔང་དུ་འཛིན་མིན་མི་ཤེས། གང་ལྟར་ཡང་གནས་ལུགས་དངོས་མ་ཡིན། རྒྱུ་མཚན་དོན་ལྡན་ཡིན། ༢༠༡༢་་༧་་༢༣ཉིན་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་ནས་ཤར་མར་བྲིས་སོ།། །།