རྡ་ས་ནོར་བུའི་རི་ལས་ལོག་འགྲོ
(རྡ་སར་ཞག་མ་དྲུག་ཉལ་རྗེས།)
ཤར་གྱི་སྐྱ་མདའ་དང་པོ་ནུབ་ལ་ཕོག་བྱུང་།།
ནུབ་ཀྱི་འོད་ཟེར་དཀར་པོ་ཤར་ལ་འཕྲོས་སོང་།།
ཤར་ཕྱོགས་རི་བོའི་རྩེ་ནས་ཉི་མ་ལང་དུས།།
སྙན་པའི་གྲེ་འགྱུར་དང་པོ་འདི་ནས་ལེན་འགྲོ།
སྔོན་མའི་ཟླ་བོ་སྣུམ་པོ་རི་ལ་ཤོར་སོང་།།
རྡ་སའི་ཁ་དོག་སྐྱ་བོ་བྲང་ལ་བྱུགས་ཡོད།།
ཚོར་ཤེས་ཕྲ་མོ་ཕྲ་མོ་འདི་ན་བསྐྱུར་ཏེ།།
ལམ་སྣེ་རིང་པོ་ཞིག་གི་ཕུ་ཐག་འཇལ་འགྲོ།
ལམ་ངོགས་ཆོ་ངེ་སྟུག་པོ་ཁོག་པར་བརྫངས་ནས།།
སེམས་ཀྱི་བསྔོ་བ་དང་པོ་འདི་ན་བྱས་ཏེ།།
རྒྱང་རིང་ལེའུ་གསར་པའི་ངོ་གདོང་འཐུང་ཕྱིར།།
རྡོག་ཁྲེས་རྒྱབ་ཏུ་ཁྱེར་ཏེ་འདི་ནས་ལོག་འགྲོ།
རི་ཆུ་གཙང་མ་ཞིག་གིས་རྔུལ་ནག་ཁྲུས་རྗེས།།
ཕྲན་ཚེགས་བྱ་བའི་སྣམ་བུ་དཔུང་པས་བསྒྲིལ་ཏེ།།
རྡོག་སྣ་ལྷོ་ལ་གཏད་དེ་འདི་ནས་ཆས་འགྲོ།
མཚན་མོའི་མགོ་བོ་སྔས་སའི་གནས་པོ་ཁ་དྲོ།།
ཕར་སོང་ལམ་གྱི་སྣེ་མོར་བསུ་མ་མེད་ཅིང་།།
དོ་དགོང་གང་ན་གཉིད་འགྲོ་ངེས་གཏན་མེད་པ།།
འདི་ནས་སྐྱེལ་མཁན་མེད་པའི་འགྲུལ་བཞུད་ཁེར་རྐྱང་།།
ས་མཐའི་གཟན་ཆུང་འོག་གི་མི་ཚེ་ལོས་ཡིན།།
རི་ལུང་སྨུག་པའི་གསེང་ནས་ཀི་རེ་བཏབ་ཡོད།།
ཀི་སྒྲ་རྣ་བས་ཚོར་ན་ཨ་ལན་གནང་རོགས།།
ལས་ཀྱི་ཡ་ཐོད་རི་མོ་གསལ་པོར་ཡོད་ན།།
དམ་ཚིག་འདུད་པ་དང་པོ་ཨེ་ཕོག་ལྟ་ཡོང་།།
ཆབ་སྲིད་རླུང་འཚུབ་རྒོད་པོའི་ཁོག་ན་འཐེན་པའི།།
དམར་པོའི་གཟན་ཆུང་སྣེ་མོ་ཤུགས་འཐེན་བྱས་ཏེ།།
འཛུམ་ཆུང་མེ་ཏོག་བཀྲ་བའི་སྲང་ལམ་འདི་ཚོར།།
ཕྱིར་མིག་ཐེངས་དགུར་བྱས་ཏེ་ལམ་ལ་ཆས་འགྲོ།།
༢༠༡༢་༨་༡༢ ཉིན་རྡ་ས་ནས་ཕྱིར་ལོག་ཁར་སྤེལ།