ཁམས་ལྷ་ཐོག་ཏུ་བཙན་དབང་གིས་གཏེར་ཁ་སྔོག་འདོན་བྱེད་འཆར།
ཁམས་ལྷ་ཐོག་གི་ས་ཆ་གཡུ་ཆུ་ཁའི་འཁྱག་ཀླུང་ཤགས་རི་ས་གནས་སུ་རྒྱ་གཞུང་གིས་གཏེར་ཁ་སྔོག་འདོན་བྱེད་འཆར་ཡོད་པ་དང་། ཤགས་རི་ནི་ཁམས་ལྷ་ཐོག་ས་ཁུལ་གྱི་གནས་རི་རྩ་ཆེན་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་ས་གནས་དེའི་འབྲོག་པ་མི་མང་གི་འཚོ་བའི་འབྱུང་ཁུངས་དབྱར་རྩྭ་དགུན་འབུ་ཆེས་མང་ཤོས་ཀྱི་ས་ཆ་ཞིག་ཀྱང་ཡིན་པ་རེད།
བོད་ནས་འབྲེལ་ཡོད་བརྒྱུད་ཕྱི་ཟླ་༨ ཚེས་༡༠ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཉེ་ཆར་ས་གནས་སུ་སྲིད་གཞུང་གི་མི་སྣ་ཐེངས་བཞི་སླེབས་བྱུང་ཟེར། ཐེངས་གཅིག་ཆབ་མདོ་རྫོང་གི་སྤྱི་བདེ་མི་སྣ། ཐེངས་གཅིག་ཆབ་མདོ་རྫོང་གི་རྫོང་དཔོན། སྔ་རྗེེས་ཐེངས་གཉིས་ལ་ལྷ་ཐོག་ཡུལ་ཚོའི་འགོ་ཁྲིད་བཅས་སླེབས་བྱུང་ཟེར། ས་གནས་སུ་ལས་བྱེད་ཐེངས་བཞི་སླེབས་པ་དེ་ཕྱི་ཟླ་༧ པ་ནས་ད་ལྟའི་བར་ཡིན་པ་དང་། ཐེངས་རྗེས་མ་ཕྱི་ཟླ་༨ ཚེས་༧ ཉིན་རེད། ལོ་མང་པོའི་སྔོན་ནས་གནས་རི་དེར་གཏེར་ཁ་སྔོག་འདོན་བྱེད་འཆར་གང་མང་བྱས་ཀྱང་ས་གནས་མི་མང་གི་བཀག་འགོག་བྱས་ཡོད་པ་རེད། ད་ལན་བཀག་འགོག་གཏན་ནས་མི་ཆོག་པར། གལ་སྲིད་དེ་ལྟར་བྱེད་མཁན་བྱུང་ན་ཆབ་སྲིད་ཀྱི་གནད་དོན་དང་། དགྲ་དང་རང་ཕྱོགས་ཀྱི་འགལ་ཟླ་ཁོ་ན་ཡིན་ཞེས་འཇིགས་སྐུལ་བྱེད་བཞིན་ཡོད་འདུག
ལྷ་ཐོག་གཡུ་ཆུ་ཁའི་འཁྱག་ཀླུང་ཤགས་རི་ནི། གནའ་མིའི་བཤད་སྲོལ་ལྟར་ན་ལྷ་ཐོག་ཡུལ་གྱི་རི་གཡང་ཡིན་པ་དང་། ལྷག་པར་དུ་ས་གནས་དེར་རྡོ་རྗེ་ཕ་ལམ་དང་། གསེར་དངུལ་ཟངས་ལྕགས་ཀྱི་རྡོ་བས་གཙོས་པའི་ཤགས་རིའི་རྡོ་རྒན་དྲུག་ཅུ་ཞེས་རྩ་ཆེ་བའི་རིན་ཆེན་སྨན་དང་རྫས་ཀྱི་གཏེར་མཛོད་ལྟ་བུར་ཆགས་ཡོད། ས་གནས་དེར་ས་ཆ་གཞན་དང་མི་འདྲ་བའི་དབྱར་རྩྭ་དགུན་འབུའི་གྲངས་འབོར་དང་སྤུས་ཚད་ཡག་པོ་ཡོད་པ་དང་། དབྱར་རྩྭ་དགུན་འབུའི་ཡོང་འབབ་ཀྱི་སྐོར་ནས་ད་ལོ་སྐྱེས་གྲངས་ཉུང་ཤོས་ཀྱི་ལོ་ཞིག་ཡིན་ཡང་ཁྱིམ་དུད་རེའི་ཆ་སྙོམས་ཀྱི་གྲངས་ཀ་༡༠༠༠ རེ་ཟིན་གྱི་ཡོད། རིན་གོང་ལ་མཚོན་ནའང་ད་ལོ་ས་གནས་དེའི་དབྱར་རྩྭ་དགུན་འབུ་རེའི་རིན་གོང་ཆ་སྙོམས་རྒྱ་སྒོར་༦༠ རེ་ཁུག་ཡོད་འདུག ས་གནས་དེར་དབྱར་རྩྭ་དགུ་འབུ་རྐོ་མཁན་མི་མང་ལ། ལོ་རེའི་ནང་ལ་ས་ཆ་དེ་གའི་དབྱར་རྩྭ་དགུན་འབུའི་ཡོང་འབབ་རོབ་རྩིས་ཕྱོགས་བསྡོམས་བྱས་ན་རྒྱ་སྒོར་ཁྲི་༣༠༠ ནས་ཁྲི་༤༠༠ བར་ཟིན་གྱི་ཡོད། དེ་འདྲའི་ཡོང་འབབ་དང་རིན་ཐང་ཅན་གྱི་ས་ཆ་དེ། རྒྱ་དམར་དྲག་གཞུང་གིས་རང་སྣང་གང་ཤར་གྱིས་བཙན་ཕྲོགས་བྱེད་གཏན་ཁེལ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ད་དུང་མུ་མཐུད། ཁོང་གིས་དེང་སྐབས་ཆབ་མདོ་རྫོང་དང་ལྷ་ཐོག་ཡུལ་ཚོའི་སྲིད་གཞུང་མི་སྣས། ལྷ་ཐོག་གཡུ་ཆུ་ཁ་འཁྱག་ཀླུང་གྲོང་ཚོའི་འཚོ་བ་རྟེན་སའི་ཕ་ས། གཡུ་ཤོད་ཤགས་རིའི་གཏེར་ཁ་ལ་དམིགས་ནས། སྙད་བརྐོ་བ་དང་བཙན་འཛུགས་ཀྱི་ཐབས་ལམ་སྣ་ཚོགས་བེད་སྤྱད་དེ། གཏེར་ཁ་སྔོག་འདོན་གྱི་ལས་འགུལ་སྤེལ་གྲབས་ཡོད་པར། ས་གནས་དེའི་མི་མང་གིས་བློ་ཐག་རྦད་ཆོད་ཀྱིས་ཞུ་བ་འཐེན་བཞིན་ཡོད་འདུག་ཀྱང་། རྒྱ་གཞུང་གི་ཁ་ཡར་གྲག་གིས་ཁྲིམས་དང་སྲིད་ཇུས་འགལ་རབས་དང་། གལ་སྲིད་མོས་མཐུན་མེད་ན་དྲག་པོས་བདའ་འདེད་དང་བཀའ་ཁྲིམས་ཀྱི་ཉེས་ཆད་ཡོད་རབས་འབའ་ཞིག་བཤད་དེ། འབྲོག་པ་ཉམས་ཆུང་དེ་ཚོའི་བླ་ཚེ་སྲོག་གསུམ་ལ་འཇིགས་སྐྲག་དང་དངངས་འཚབ་ཀྱི་སྣང་བ་བཤད་མི་ཤེས་པ་ཞིག་སྟེར་བཞིན་འདུག རི་བོང་གླག་གིས་ཁུར་ན་འབོད་ས་ཨ་སྔོན་སྟོང་པར་གྱུར་པའི་གནས་ཚུལ་དེར། ཤ་ཚ་ཞིང་ཡི་མུག་པ་ལ་ནི་ཚོད་ཅིག་མི་གདའ། འོན་ཀྱང་གནམ་གྱིས་ས་རྡུང་བའི་ལས་དབང་དེ་ལ་སྡུག་མཆི་མ་གཉིས་ཀྱི་སྐལ་པ་ལས་ཅི་ཞིག་ཡོད། ཅེས་ཚོར་བ་ཆེན་པོས་འགྲེལ་བརྗོད་གནང་སོང་།
ཁམས་ལྷ་ཐོག་གི་ཡུལ་སྡེའི་ཕྱེད་ཀ་དེང་དུས་ཆབ་མདོ་རྫོང་ཁོངས་སུ་ཡོད་པ་དང་། ཕྱེད་ཀ་དེང་དུས་འཇོ་མདའ་རྫོང་ཁོངས་སུ་རྒྱ་དམར་གཞུང་གིས་བཅད་བགོས་བྱས་ཡོད་པ་རེད། སྔོན་མ་ལྷ་ཐོག་རྒྱལ་པོའི་ཁྱབ་ཁོངས་ཡིན་པ་དང་། ད་ལྟའི་ཆར་ལྷ་ཐོག་གི་ཡུལ་སྡེ་དེ་དག་རྫོང་གཉིས་ཀྱི་ཁོངས་སུ་བཅད་བགོས་བྱེད་དགོས་དོན། ཕྱི་ལོ་༡༩༣༢ ལོར་སྐམ་ཐོག་གྲུ་ཁའི་མེ་འཕེན་མཚམས་འཇོག་གི་ཆིངས་ཡིག་བཞག་པའི་རྗེས་སུ་འབྲི་ཆུ་ཤར་ནུབ་ཀྱི་སྐད་ཆ་དེ་བྱུང་ཡོད་པ་དང་། དེའི་རྗེས་སུ་ས་གནས་སུ་ལྷ་ཐོག་རྫོང་ཞེས་པ་ཞིག་བཙུགས་ཡོད་ཀྱང་། དམར་ཕྱོགས་ཀྱི་དམག་དཔུང་སླེབས་པའི་སྐབས་སྐྱོར་གཞུང་དཔོན་སྣེ་མོ་ཨ་དགེ་སོགས་ལྷ་ཐོག་རྒྱལ་པོའི་བློན་ཆེན་འགའ་ཞིག་གིས་སྣེ་ལེན་མཐུན་འགྱུར་རོགས་རམ་འདོད་པ་ཁེངས་པ་ཞིག་མ་བྱས་པར་བརྟེན། སྐབས་དེའི་དམག་དཔུང་གི་དཔོན་རིགས་ཚོས་མ་འོངས་པར་ལྷ་ཐོག་རྫོང་མེད་པ་བཟོ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་བ་བཞིན། ལྷ་ཐོག་རྫོང་ཁོངས་ཀྱི་མི་མང་དུམ་བུར་བཏང་ནས་བཅད་བགོས་བྱས་པ་ཞིག་ཡིན་ཚུལ་དང་། ད་ལྟ་གཏེར་ཁ་སྔོག་འདོན་བྱེད་གཏན་ཁེལ་ཡོད་སའི་ཤགས་རི་གནས་དེ་དེང་དུས་ཆབ་མདོ་རྫོང་ཁོངས་ཡིན་བཅས་ཀྱང་ཁོང་གིས་འགྲེལ་བརྗོད་གནང་སོང་།
དེ་བཞིན་དེང་དུས་འཇོ་མདའ་རྫོང་སུ་ཡོད་པའི་ལྷ་ཐོག་ཡུལ་སྡེའི་ས་ཁོངས་སྐྱོར་གཞུང་གཡུ་ལུང་དུ། སྔོན་མ་ནས་གཏེར་ཁ་འབོར་ཆེན་སྔོག་འདོན་བྱེད་བཞིན་ཡོད་པ་དང་། གཡུ་ལུང་དུ་གཏེར་ཁ་རིགས་འདྲ་མིན་ཡོད་ཀྱང་། གཙོ་ཆེ་ཤོས་དེ་ཟངས་གཏེར་འདོན་གྱི་ཡོད་པས་གཡུ་ལུང་ཟངས་གཏེར་ཞེས་རྒྱ་ནག་གི་ཨང་དང་པོ་ཡིན་པ་མ་ཟད། ཨེ་ཤ་ཡའི་ས་ཁུལ་ཡོངས་རྫོགས་ནས་ཨང་གཉིས་ཡིན་འདུག དེའི་སྐོར་རྒྱ་གཞུང་གིས་ཕྱི་ལོ་༢༠༠༨ ཟླ་༨ ཚེས་༢༡ ཉིན་གནས་ཚུལ་འདི་ལྟར་སྤེལ་ཡོད་པ་རེད། “གཡུ་ལུང་ཟངས་གཏེར་ནི་བོད་ལྗོངས་ཆབ་མདོ་ས་ཁུལ་འབྲི་ཆུའི་འགྲམ་དུ་ཡོད་པ་དེ་ནི་མིག་སྔར་རང་རྒྱལ་གྱི་གསོག་ཚད་མང་ཤོས་ཡིན་པའི་བྲག་རྡོ་ཁྲ་ཁྲ་དང་ཤིས་ཁ་བྲག་རྡོ་མཉམ་འདུས་རྣམ་པའི་ཟངས་གཏེར་ཡིན་ཞིང་། ཟངས་ལྕགས་རིགས་ཀྱི་གསོག་ཚད་ཏུན་ཁྲི་༦༥༠ ཡན་ཡོད་པ་དང་། (ཏུན་ཞེས་པ་སྤྱི་རྒྱའམ། ཀེ་ལོ་ཆིག་སྟོང་ཡིན་) རྒྱང་རིང་གི་གསོག་ཚད་ཏུན་ཁྲི་༡༠༠༠ ཡོད་པ་རྩད་རགས་ཙམ་ཆོད་ཡོད། ཐོན་ཁུངས་གསོག་ཚད་ཀྲུང་གོའི་ཨང་དང་པོ་དང་ཡ་གླིང་གི་ཨང་གཉིས་པར་སླེབས་ཀྱི་ཡོད།” ཅེས་བརྗོད་པའི་གཡུ་ལུང་ཞེས་པ་དེ་ཡང་སྔོན་མ་ལྷ་ཐོག་རྒྱལ་པོའི་མངའ་འབངས་ཡིན་པ་རེད།།
