བརྩེ་དུང་གི་ཆག་སྒོ་ཞིག
སྤྱི་བཏང་འགྲོ་བ་མི་རྣམས་སྲོག་ཆགས་གཞན་ལས་ལྷག་པའི་དཔྱོད་ཤེས་ལྡན་ཞིང་རྣམ་རིགས་བཀྲ་བར་བཤད་ཀྱི་ཡོད། འོན་ཀྱང་འགྲོ་བ་མིའི་འཕེལ་རིམ་ཁྲོད་དུ་ཆོས་དང་འཇིག་རྟེན་གྱི་ལྟ་གྲུབ་བསམ་གྱིས་མི་ཁྱབ་པ། བརྗོད་ཀྱིས་མི་ལོང་བ་དེ་འདྲ་མང་པོ་བྱུང་ཡོད་ཅིང་། འགྲོ་བ་མི་རྣམས་ཀྱིས་སྐབས་སྐབས་སུ་རང་ལས་གཞན་པའི་རི་དྭག་གཅན་གཟན་དུད་འགྲོ་རིགས་སོགས་སྲོག་ཆགས་གཞན་པ་རྣམས་ནི་ཁ་ཟས་སུ་རློམ་པ་དང་། རང་སྒེར་གྱི་འཚོ་བའི་ཆེད་དུ་དམིགས་ཡུལ་བཟུང་སྟེ། ཚེ་དང་སྲོག་ལ་རིན་ཐང་མི་རྩི་བ་མ་ཟད། ཆོས་ལུགས་པ་རེ་ཟུང་གིས་ཀྱང་། བྱ་རིགས་དང་ཉ་རིགས་ནི་དཀོན་ཅོག་གིས་ཁ་ཟས་སུ་གནང་བར་འདོད་པ་དང་། གནའ་བོའི་སྲོལ་རྒྱུན་ཁྲོད་དུ་རང་རེ་བོད་དུ་ཡང་། དུད་འགྲོའི་ཚེ་སྲོག་གིས་དམར་མཆོད་འབུལ་སྲོལ་ཡོད་པ་སོགས་ནས་སྲོག་ལྡན་པ་རྣམས་ལ་མནར་གཅོད་དང་སྡུག་སྦྱོང་བཏང་བ་ནི་བརྩི་བརྩི་གྲངས་མེད་ཅིག་ཡིན།
བདག་ཅག་གིས་སྟོན་པ་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་པ་རྣམས་ལ་ཡོངས་གྲངས་སུ་སྲོག་བཅད་པ་ལས་གཞན་པའི་སྡིག་པ་ཡོད་མ་ཡིན་གསུངས་པ་ནི་འཇིག་རྟེན་ན་ཚད་མར་སྨྲ་བ་རྣམས་ལ་ཤིན་ཏུ་འཐད། དེང་སྐབས་ཚན་རིག་ལག་རྩལ་གྱིས་ནུས་པ་ལ་དཔལའབར་བའི་ཟང་ཟིང་འདིའི་ཁྲོད་དུ་འཇིག་རྟེན་བདེན་རྫུན་གྱི་གནས་ལུགས་མང་པོ་ཞིག་གསལ་ཞིང་གསལ་པོ་ར་འཕྲོད་བཞིན་ཡོད་པས། སྒེར་གཤིས་ཅན་གྱི་མཁྲེགས་བཟུང་གི་ལྟ་གྲུབ་མང་པོས་རྫུན་རྐུབ་རྡོལ་ཉུང་ཉུང་མིན། ཡིན་ན་ཡང་ནང་བསྟན་རིག་པའི་གནད་རྣམས་ལ་འོད་རླབས་འཕྲོ་བཞིན་ཡོད་དོ།།
གང་ལྟར་དེ་རིང་ངས་འདིར་ཡ་མཚན་ཆེ་བའི་དངོས་བྱུང་གནས་ཚུལ་ཞིག་བཤད་འདོད་པ་ཡིན། ཡོ་རོབ་གྱི་ཡུལ་གྲུ་ཞིག་ཏུ་གནས་ཚུལ་འདི་འདྲ་ཞིག་བྱུང་བ་དང་། ཡུལ་དིའི་མི་མང་དང་། གསར་འགོད་པ་རྣམས་ཧང་སང་ཞིང་། གསར་ལམ་ཁག་གི་ཚག་པར་ཚུན་ཆད་ནང་དེའི་སྐོར་ཐོན། འདི་ཐོག་མ་བྱུང་ཡུལ་ནི་ཕལ་ཆེར་ཧྥ་རན་སཱི་ཡུལ་གྲུ་ཞིག་ཏུ་ཡིན། རྗེས་སུ་རིམ་གྱིས་དྲྭ་ངོས་སོགས་རྒྱུད་དེ་འཇིག་རྟེན་མང་པོའི་མིག་གི་བསྟད་མོ་རུ་གྱུར་ཞིང་། ཚད་མ་ལ་ཡིད་ཆེས་བྱེད་པའི་བློ་གྲོས་ཅན་མང་པོ་ཧ་ལས་དགོས་པ་བཟོས་འདུག
དེ་གསལ་པོ་ཞུས་ན་བྱིའུ་ཟུང་གི་གནས་སྟངས་རག་བསྡུས་འདི་རེད། བྱིའུ་ཕོ་མོ་འདི་གཉིས་ཀྱི་དངོས་བྱུང་ལོ་རྒྱུས་ཐུང་ངུ་དེ་ཐོག་མ་ངས་ལོ་ཤས་སྔོན་ནས་མཐོང་བྱུང་། དེ་མཐོང་བ་དང་གུས་པ་ཧ་ཅང་སེམས་འགུལ་ཐེབས་པ་མ་ཟད། ཡིད་སེམས་གཏིང་ནས་སྐྱོ་རུ་བཅུག་སོང་ལ། བློ་རྩེ་གཅིག་ཏུ་གཏད་དེ་བྱིའུ་ཕོ་མོ་འདི་གཉིས་ཤི་གསོན་ཁ་བྲལ་བའི་ཡིད་སྐྱོའི་གནས་སྟངས་འདི་ལ་བསམ་གཞིག་ཡང་ཡང་བྱས་རྗེས། རང་དབང་མེད་པར་གདུང་སེམས་དང་བཅས་མིག་ཆུ་ཐེངས་མ་མང་པོ་ཤོར་མྱོང་།
འདི་ལྟར་པར་གྱི་གོ་རིམ་བཞིན།
༡་་༽ ཐོག་མར་བྱིའུ་མོ་དེ་གཞུང་ལམ་ཆེན་མོའི་ལམ་བུ་འཕྲེད་དུ་བཅད་དེ་ཚུར་འཕུར་ཡོང་སྐབས། གློ་བུར་དུ་རླུང་འཁོར་ཞིག་ལ་བརྡབ་ཏེ། མོ་ལ་རྨས་སྐྱོན་ཚབ་ཆེན་ཕོག་ཞིང་། འཕུར་མི་ནུས་པར་ས་ལ་ལྷུང་།
༢་་་༽ ་་སྐབས་དེར་མོའི་བཟའ་ཟླས་མཐོང་བ་དང་། བྱམས་བརྩེས་ལྡིང་སྐོར་བྱེད་བཞིན། ས་ཐག་རིང་པོ་ནས་ཁ་ཟས་ཁུར་ཡོང་སྟེ་མོ་ལ་སྟེར་ཞིང་མུ་འཐུད་ནས་ནད་གཡོག་བྱས།
༣་་༽་་དེ་ལྟར་ཡུན་རིང་མ་འགོར་བར། སྟབས་མ་ལགས་པ་ཞིག་ལ་བྱིའུ་བཟའ་ཟླ་མོ་གསོན་ཐབས་བྲལ་ཞིང་དབུག་ཆད་དེ་འགུལ་མེད་དུ་གྱུར་རོ།།
༤་་་༽་་བྱིའུ་ཕོ་དེ་ཡིད་སེམས་སྡུག་བསྔལ་གྱིས་ཁེངས་ཏེ། བྱིའུ་བཟའ་རོགས་ཀྱི་རོ་ལ་ཡང་ཡང་འཐམ་ཞིང་། ད་དུང་གསོན་པོ་གནས་པའི་རེ་བ་བྱེད་བཞིན་འདུག
༥་་་༽་་མཐའ་མཇུག་བཟའ་རོགས་འཇིག་རྟེན་སྔ་ལམ་དུ་གྱུར་ཟིན་པ་ཤེས་འཕྲལ། ཡིད་མུག་དང་སྡུག་བསྔལ་གྱིས་མི་བཟོད་པར་མིག་ཆུའི་ཐིགས་པ་རེ་རེ་ས་ལ་འཐོར་ཞིང་། ཕངས་སེམས་དང་བཅས་ཏེ་བྱིའུའི་སྐད་འདྲ་མིན་གྱིས་ངུ་འབོད་བསྒྲགས། བཟའ་ཟླའི་རོ་དང་ཁ་བྲལ་མི་འདོད་པར་རོ་དང་འགྲམ་དུ་རྒྱུན་རིང་བསྡད།
༦་་་་༽་་དེ་ལྟར་མོ་རང་ཤི་ནས་ཡུན་རིང་ལུས་སོང་ཡང་། བྱིའུ་ཕོ་དེ་མོའི་ཕུང་པོ་འགྲམ་དུ་ཡུན་རིང་སེམས་སྡུག་དང་བཅས་ཏེ། འདས་ཟིན་པའི་ལོ་ཟླ་སོགས་གསོན་དུས་ཀྱི་མི་ཚེ་ལ་ཕྱིར་དྲན་བྱེད་བཞིན་ད་དུང་ལྡིང་སྐོར་རེ་རྒྱབ་ཅིང་། རོ་དང་ལྷན་དུ་རེ་སྒུག་བྱས་ནས་ལུས་ཡོད་པ་བཅས་སོ།།
དེ་ལྟ་བའི་གནས་ཚུལ་རྣམས་རིམ་གྱིས་ཡུལ་དེའི་མི་རྣམས་ཀྱིས་ཞིབ་ཕྲ་ཤེས་པ་དང་། ལོ་རྒྱུས་དེ་བསམ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་བ་རེད། ལྷག་པར་དུ་ཧྥ་རན་སཱིའི་ཡུལ་དུ་འདྲ་པར་དེ་དག་སྒྲིག་ཏེ་དངོས་བྱུང་གི་ལོ་རྒྱུས་གསལ་བརྗོད་བྱེད་སྐབས་མི་མང་པོའི་མིག་ཆུ་ཤོར་ཞིང་། དེའི་མཚོན་དོན་ནི། སེམས་ཅན་བྱ་བྱིའུ་ཚུན་ཆད་ཀྱིས་རྒྱུད་ལ་འགྲོ་བ་མི་དང་ཕྱོགས་མང་པོ་ཞིག་ནས་གཅིག་མཚུངས་ཀྱིས་ཚོར་སྣང་ཡོད་པ་དང་། ཕན་ཚུན་ལ་བཅིངས་བའི་བྱམས་པ་དང་བརྩེ་བའི་ནུས་པ་འདྲ་འདྲ་ཡོད་པར་གསལ་བཤད་བྱས་པ་ཡིན་ནོ།།
གཟའ་ཉི་མིའི་ཉིན་བྲིས།