བོད་མོ་འདི་དེ་ལྟར་རྒྱལ་བ་རེད།

དེང་སང་ང་ཚོའི་སྤྱི་ཚོགས་ཁྲོད་ཆོས་དབྱངས་སྐྱིད་ཀྱིས་སྐར་ལྔའི་དར་དམར་འོག་ཟངས་ཀྱི་རྟགས་མ་བླངས་པ་དེ། འགྲིག་ཡོད་མེད་ཀྱི་རྩོམ་ཡིག་དང་སྐད་ཆ་སྣ་ཚོགས་ཤིག་ཡོང་གི་ཡོད་ཀྱང་། ཁྱེད་ཀྱིས་ཅི་བཤད་ཀྱང་ཆོག་གི ང་ལ་ང་རང་གི་ལྟ་ཚུལ་དང་སྐད་ཆ་ཟུར་དུ་ཡོད།

2012_8_17_choe yangkyeཁ་སང་རྟ་ནོར་ལུག་གསུམ་གྱི་སུག་རྗེས་དང་འགྲོགས་ཏེ་མཐོ་སྒང་གི་འབྲོག་ས་ཞིག་ནས་ལག་ཆགས་པའི་བོད་མོ་དག་མ་དེས། དེ་རིང་གང་ལའང་རྒྱུས་མེད་ཅིང་སུ་ཡང་ངོ་ཤེས་མི་ཤེས་པའི་འཛམ་གླིང་གི་རྒྱལ་ཁབ་བརྒྱ་དང་བཞི་བཅུ་ལྷག་གི་ལུས་རྩལ་འགྲན་བསྡུར་གྱི་གར་སྟེགས་ཐོག རྒྱལ་ཁབ་མི་འདྲ་བ་སུམ་ཅུ་སོ་གསུམ་གྱི་བུད་མེད་རྒྱུག་འགྲན་པ་ལྔ་བཅུ་ལྷག་གི་འདུར་རྒྱུག་ཁྲོད་ཨང་གསུམ་པའི་ཟངས་ཀྱི་རྟགས་མ་བླངས་སོང་བ་དེས། སང་ཉིན་ང་ཚོས་སྔ་ས་ནས་ལྟེབ་ཚིགས་ཀྱིས་ལོ་རྒྱུས་གསར་པས་ཁ་སྣོན་མ་ཕོག་སའི། ལོ་རྒྱུས་ཀྱི་ཡིག་ཚགས་རྙིང་པ་དེར་བརྗེད་མི་རུང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་གི་ཁ་སྣོན་བྱས་པ་དེ། ད་ལྟའི་བར་ང་ཚོའི་ཕ་མེས་ཡང་མེས་ཚོའི་ལོ་རྒྱུས་ཀྱི་ཐོག་བྱུང་མ་མྱོང་བས། མི་རིགས་འདིའི་གཟི་བརྗིད་ཅིག་དང་སྤོབས་པ་ཞིག་ཏུ་བརྩིས་ཏེ་སུ་ལའང་ངོམས་ཆོག་ཆོག་གི་རྒྱལ་ཁ་ཞིག་ལོས་ཡིན།

འོན་ཀྱང་། དེང་སང་ང་ཚོའི་སྤྱི་ཚོགས་ཁྲོད་ཆོས་དབྱངས་སྐྱིད་ཀྱིས་སྐར་ལྔའི་དར་དམར་འོག་ཟངས་ཀྱི་རྟགས་མ་བླངས་པ་དེ། འགྲིག་ཡོད་མེད་ཀྱི་རྩོམ་ཡིག་དང་སྐད་ཆ་སྣ་ཚོགས་ཤིག་ཡོང་གི་ཡོད་ཀྱང་། ཁྱེད་ཀྱིས་ཅི་བཤད་ཀྱང་ཆོག་གི ང་ལ་ང་རང་གི་ལྟ་ཚུལ་དང་སྐད་ཆ་ཟུར་དུ་ཡོད། རེད། དངོས་གནས་ཡིན། ཁོ་མོ་འདུར་རྒྱུག་བྱེད་སྐབས་དོ་སྣང་ཆེན་པོས་གཟུགས་མཐོང་བརྙན་འཕྲིན་གྱི་གམ་དུ་བཅར་ནས་བལྟས་པ་ཡིན། རྒྱུག་འགྲན་པ་ཚོ་བརྒྱུགས་ནས་སྐར་མ་ལྔ་དྲུག་གི་མཚམས་སུ་ཁོ་མོ་ཨང་བཅུ་པའི་ས་མཚམས་སུ་འདུག

འོན་ཀྱང་། རྒྱུག་འགྲན་པ་ཚོ་ཡུན་གྱིས་རྒྱུག་སྐབས་ཁོ་མོའི་གཡས་གཡོན་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། ཁོ་མོའི་མིང་ནས་བོས་ཏེ་སྙིང་རུས་བར་མེད་དུ་བརྡབས་ཡོད་པར་བརྟེན། མཐར་ཁོ་མོས་རྒྱུག་འགྲན་པ་སྤྱི་ཡོངས་ཀྱི་གྲལ་ནས་ཨང་གསུམ་པའི་ཟངས་ཀྱི་རྟགས་མ་བླངས་པ་རེད། ཁྱེད་ཀྱིས་བསམ་བློ་ཞིག་ཐོངས་དང་། སྐབས་དེར་ཁོ་མོ་རྒྱུག་སའི་ལམ་གཡས་གཡོན་ནས་བོད་མི་ཚོས་ཆོས་དབྱངས་སྐྱིད་ཤུགས་རྒྱོབས་ཞེས་སྙིང་རུས་བརྡབས་པ་དེས། ཁོ་མོར་དེ་ལྟར་ངར་ཤུགས་ཆེན་པོ་སླེབས་དགོས་དོན་གང་གི་རེད། གོ་ཚོད་ལ་དངོས་གནས་བྱས་ན་ཉིན་དེར་ཁོ་མོའི་རྐང་པ་ཐང་གི་ཡོད་པས་རྒྱལ་ཁ་ཐོབ་རྒྱུའི་རེ་བ་མེད་ཚོད་རེད་ཟེར།

ད་དུང་རྒྱུག་འགྲན་པ་ཚོ་རྒྱུག་བཞིན་པའི་སྐབས་སུ་ཡང་རྒྱུག་འགྲན་པ་སུས་ཀྱང་གདོང་ལ་མེད་པའི། ཁོ་མོའི་གདོང་གི་འཛུམ་མདངས་ལྷག་མ་དེ་སུའི་ཆེད་དུ་བསྟན་པ་རེད།

ཁོ་མོས་སྐད་ཆ་འདི་འདྲ་ཞིག་བཤད་འདུག “བོད་ཅིག་ཡིན་པའི་ཆ་ནས། ཨོ་ལིམ་ཕུག་རྩལ་འགྲན་ལ་ཞུགས་ཐུབ་པ་འདི་གཟི་བརྗིད་ཆེན་པོ་ཞིག་ལ་ཚོར་ཡོད། ང་རང་རྒྱལ་བ་འདི་བརྒྱུད་ནས་བོད་པ་དེ་ལས་མང་བས་ལུས་རྩལ་སྦྱོངས་ཐུབ་པ་དང་། བོད་པ་དེ་ལས་མང་བ་ཨོ་ལིམ་ཕུག་རྩལ་འགྲན་ནང་ཞུགས་ཐུབ་པར་རེ་བ་བཅིངས་ཡོད”ཅེས་བརྗོད་འདུག བོད་ཀྱི་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་དང་། བར་མ་སོང་བཙན་སྒམ་པོ་གང་ནས་བརྩིས་ཀྱང་བོད་ཀྱི་ལོ་རྒྱུས་སྟེང་། ད་ལྟའི་བར་རྒྱལ་སྤྱིའི་རྩེད་འགྲན་ཐོག་ངོམས་ཆོག་ཆོག་ཅིག་ཡོད་པ་ཁྱེད་ཡིན། དེའི་ཕྱིར་ཁྱེད་ནམ་ཡང་རྒྱལ་བར་ཤོག