གོས་རྒྱན་མེ་ལ་བསྲེག་ཅེས་རྩ་བའི་བླ་མའི་བཀའ་གསུང་མིན།

།། ཞོགས་དུང་རྟོག་སད་ཅོང་བརྡའི་ཚིག་དོན་རྨོངས་ཞེན་མཚོན་ཆ་པགས་པའི་རིགས། ནག་གནས་རི་དྭགས་རྔོན་པའི་ཆ་སྤྱད་ཆོས་ལྡན་བོད་ལ་མི་མཛའ་ཞེས། དུང་དཀར་སྙན་མོ་ཞལ་ནས་བུས་ཡང་ཉི་མའི་ཟེར་ལ་འུག་པའི་མིག མི་བཟོད་གཡོ་ཅན་གཡམ་རྒྱུགས་མཁན་དག་ཚིག་གིས་དམག་དཔུང་བསྡུས་སོ་སྐད།། མཁས་དབང་ཚུལ་བློ་རིག་པའི་ཁྱུ་མཆོག་ལྷག་བསམ་རབ་དཀར་ཀུ་མུད་གཉེན། ཞོགས་པའི་དུང་བརྡས་བསིལ་རླུང་གཡབ་ཏེ་རང་རིགས་རྒན་གཞོན་བར་གསུམ་ལ།

གླེན་ལྐུག་གདོལ་སྤྱོད་གྲི་དང་པགས་རིགས་གོས་རྒྱན་ལུས་ལ་མ་འཆང་ཞེས། གསེར་ལས་དཀོན་པའི་འཚོ་བའི་ལམ་སྟོན་བསླབ་བྱ་ཡིད་བཞིན་ནོར་བུ་བརྩལ།། གོང་ས་བླ་མས་ཐུགས་རྗེའི་ཉི་ཟེར་བོད་མིའི་ཞིང་སར་གཤིན་པོར་འཕྲོས། ཀུ་མུད་གཞོན་ནུའི་གྲོགས་དང་འགྲོགས་ཏེ་རྨོངས་བློའི་མ་རིག་མུན་བསལ་ནས། བོད་ཡུལ་ལྟོད་སྨད་བར་གསུམ་ཀུན་དུ་རང་མོས་དང་བླངས་མཚོན་ཆ་དང་། མི་གཅིག་ཆེ་ཆུང་གཅན་གཟན་པགས་རིགས་ཡོངས་རྫོགས་བཀག་ཟེར་གློ་བ་སྤྲོ།། རླབས་ཆེན་ཐུགས་བརྩེའི་གཞན་ཕན་འོད་སྣང་རྨོངས་བློའི་འཇིག་རྟེན་ཆེར་གཡོས་ཡང་། ཞོ་ཤས་འཚོ་བ་ངན་ངོན་ཙམ་བརྟེན་རྗེས་ལུས་རང་རིགས་རོང་འབྲོག་ཚོགས། ཧོབ་རྒྱུག་ཚོད་མེད་རང་བརླགས་མ་གནང་རན་ཙམ་རང་ཚུགས་ཟིན་པས་ཐོགས། རང་ལུས་བསྲུང་ནས་དགོས་མེད་རྒྱན་གོས་རིང་ཙམ་བྱས་ནས་སྤོངས་གལ་ཆེ།། རིན་གོང་ཆེ་བའི་རིན་ཆེན་རིགས་རྣམས་རྡོ་བརྡུང་བཅག་གྲུམ་མི་མཛའ་ལ། སྡུག་གསོག་ཁྲག་རིན་གོས་རྙིང་ནོར་རྫས་མེར་གཞོབ་ཐལ་སྐྱ་ཐལ་ཆེ་ལ། ཀི་རིང་བཏབ་ནས་བོའུ་རིང་བཅག་ཏེ་དཔའ་རྒོད་དགྲ་ཞིག་ཐུབ་མདོག་ཡང་། སྤྱོད་ངན་བྱས་ནས་སྤྱོད་ངན་སྤངས་པ་དེ་ཡང་དགོས་གལ་མི་ཆེ་སྙམ།། ནོར་རྫས་ཡོད་ཚད་རྒྱབ་ལ་བཏགས་ནས་ཕྱུགས་ཀྱི་སྤུ་བཞིན་འཁུར་དགོས་མེད། བྱིན་རྟེན་ལྷ་སྐུ་ཐག་པས་བསྡམ་ནས་སྐེ་ལ་རོ་བཞིན་འདེགས་དགོས་མེད། རྒྱུ་རྙིང་རྩ་ཆེན་རྩ་བ་ཕུད་ནས་ཁྲོམ་ལ་རྡོ་བཞིན་གཡུག་དགོས་མེད། དེང་རབས་འགྱུར་ཡང་རྒྱུ་ནོར་ནོར་བའི་རིན་ཐང་འཛམ་གླིང་ཀུན་ན་གནས།། མཁས་པས་ཤ་ཚས་གཏམ་ལ་མ་རུང་བདུད་ཀྱིས་ཚིག་ཞེས་རྒོལ་ཀྱང་ཆོག རྩ་བའི་བླ་མས་བཀའ་གསུང་ཟབ་མོ་མིག་གཉིས་བཙུམས་ནས་བསྒྲུབ་ཡང་ཆོག བཀའ་སློབ་བཀའ་གསུང་བསླབ་སྟོན་གཙོ་བོ་བོད་མིའི་ཀུན་སྤྱོད་དེང་རབས་དང་། བསྟུན་ཞེས་ལམ་སྟོན་གདམས་པ་མ་གཏོགས་རྒྱུ་དངོས་བསྲེགས་ཞེས་ཁྲིམས་བཅད་མེད།། ལུས་ལ་མི་མཛའ་གནའ་བོས་སྲོལ་རྙིང་ཁྱིམ་ཕུག་བཞག་ན་ནོར་རྫས་ཡིན། སྐེད་ལ་མི་མཛའ་གནའ་གྲི་རིང་ཐུང་མཛོད་ལ་བཞག་ན་ལྟད་མོ་ཆེ། ཀུན་དང་མི་མཐུན་ནང་ཁུལ་གསོད་རེས་འཚམས་འཇོག་ཆོས་དང་མཐུན་པ་བཟང་། འཛམ་གླིང་སྔོན་ཐོན་མི་ལ་གཟིགས་དང་མི་མཛེས་ཐམས་ཅད་བསྲེགས་པ་མེད།། དེང་རབས་གསར་བའི་སྤྱི་ཚོགས་ཁྲོད་ན་གནའ་རྫས་གོ་ས་གནམ་ལས་མཐོ། ཤེས་བྱའི་ཡུལ་གྲུ་འཕྲུལ་རིགས་དཀྱིལ་ན་སྲོལ་རྒྱུན་རིགས་གནས་རང་མལ་ཉལ། འགྲེམ་སྟོན་སྤྱན་གཟིགས་ཁང་བརྩེགས་དབུས་ན་གདོད་མའི་འཚོ་བའི་ངོ་བོ་བརྗིད། རྩ་ཆེས་དངོས་རྫས་རྩ་མེད་བཏང་བ་མི་རིགས་ཞིག་གི་གྱོང་གུད་ཡིན།། ལོ་རྒྱུས་ཀློགས་དང་གནའ་རབས་ནུབ་ཕྱོགས་རང་ཡུལ་ལས་ཀྱང་གདོལ་སྤྱོད་གྲགས། ཉེ་སར་གཟིགས་དང་ཤར་ཕྱོགས་ཀུན་ལ་ལོ་མང་སྔོན་དུ་སྲོལ་རེ་དར། ད་ལྟ་ཐམས་ཅད་དེང་རབས་གྱུར་ཡང་གནའ་བོའི་རྒྱུ་ནོར་མཛོད་ནང་ཉར། དེ་ལ་བསམ་ན་བོད་མིའི་རིག་གཞུང་མཚོན་རྟགས་རྡོ་ལ་བརྡབ་པ་ཕངས།། རྩ་བའི་བླ་མ་གཙུགས་ཏུ་བཀུར་ན་བཀའ་གསུང་རྟོགས་ནས་བཀའ་བཞིན་སྒྲུབས། དེང་རབས་མཁས་པར་རྩི་འཇོག་གནང་ན་ཡག་ཉེས་བླང་དོར་འབྱེད་པ་གཅེས། རང་ཡུལ་བོད་རིགས་ཡར་རྒྱས་དགོས་ན་རི་བོང་ཅལ་འདྲོགས་བྱེད་མ་བཅུག རིག་གཞུང་གཅིག་པའི་རིགས་ལ་དྭངས་ན་རང་དོན་བཞིན་དུ་ཕྲག་ལ་ལོངས།། སྤྱི་ཚོགས་འཁྲེག་པོའི་གླེན་པས་ཨུ་ཚུགས་འཁྱོག་པོའི་གཞུ་མོ་རབ་བཀུག་ནས། དྲང་བདེན་ཟུར་གནས་དཔྱོད་ཤེས་མདའ་མོ་སྤོབས་པས་རྒོད་སྒྲོའི་རླུང་ཞོན་ཏེ། རྨོངས་པའི་ཁྱུ་ཚོགས་སྤྱང་ཀི་དར་མའི་སྙིང་དཀྱིལ་གནད་དུ་བསྣུན་པས་མཐུས། བོད་མི་ཉམ་ཆུང་ལུག་རྫིའི་འཚོ་བ་ཁྱིམ་ནོར་གཡང་གཞིས་སྐྱོང་བར་སྨོན།། ཅེས་ཟླ༦ཚེས༡༠སྤྱི་ལོ༢༠༡༢ ལ་བྲིས་པའོ།།