མེར་བསྲེགས་ལས་འགུལ་དང་མི་ཤི་ཁྱི་ལུས།

བོད་མི་ཤི་ཁྱི་ལུས། སྤྱིར་བོད་ནི། མཁས་གྲུབ་ཀྱི་འབྱུང་གནས་དང་། དཔའ་བོའི་ཕ་ས། ཤེས་རིག་གི་བསྟི་གནས། རང་བཞིན་གྱི་ས་བཟང་བ་དང་བཀྲ་ལེགས་པ། བོད་མའི་རྣམས་ཀྱང་རང་བཞིན་གྱི་ངང་བཟང་ཞིང་ཁྲེལ་དང་ཕྱི་ཐག་རིང་བ། བསམ་པ་དཀར་ལ་གཡོ་སྒྱུ་ཆུང་བ་སོགས་ཡ་རབས་དྲ་མའི་མཚན་ཉིད་ཅན་ཤ་སྟག་མིན་ཡང་མང་ཆེ་བ་ཞིག་ནི་དེ་ལྟར་ཡིན།

འོན་ཀྱང་དུས་ཀྱི་རྒུད་འགྲོས་དང་བསྟུན་པའི་མི་རྣམས་ཀྱི་བསམ་བློའི་ཁ་ཕྱོགས་ནི། རི་གཟར་གྱི་འབབ་ཆུ་བཞིན་དུ་མགྱོག་འགྲོས་ཀྱིས་ཐུར་དུ་ཕྱོགས་སྟབས། ཡ་རབས་སྤྱོད་བཟང་དང་ལྷག་བསམ་གཞན་ཕན་སོགས་མི་ཡི་སྤྱི་ཚོགས་དང་ཁ་བྲལ་ཏེ་ད་སྐབས་མི་རྣམས་ཀྱི་རང་གཤིས་ནི་གཅན་གཟན་གདུག་པ་ཅན་ལྟ་བུའི་རང་གཤིས་ལས་བོད་མི་རྣམས་ཀྱི་ཡ་རབས་སྤྱོད་བཟང་ཟེར་བའི་འབོད་གཞི་དེ་ཕལ་ཆེར་བཙལ་ཡང་མི་རྙེད་པའི་ཚོད་དུ་ཡོད་པ་རེད། དེ་ལས་ཀྱང་གྱོང་གུད་ཆེ་བ་ཞིག་ལ། རྒྱལ་གཅེས་ཀྱི་བསམ་པ་དང་རྒྱལ་གཅེས་ཀྱི་དཔའ་བོ་ཚོར་སྔ་ཕྱིར་ཕམ་ཉེས་ཚད་མེད་བྱུང་རྐྱེན་ད་སྐབས་རྒྱལ་གཅེས་པ་ཟེར་བ་ནི་ཆེས་ཤིན་ཏུ་ཉུང་བ་མ་ཟད་རྒྱལ་གཅེས་པ་དངོས་མ་ནི་དེ་བས་ཀྱང་ཉུང་། ༡༩༤༩ཙམ་ནས་བོད་ཤར་ཕྱོགས་ཁུལ་དུ་རྒྱ་དམག་བཙན་འཛུལ་རིམ་སླེབས་ཀྱིས་གནས་སྟངས་བྱུང་དུས། ཡུལ་དེ་དང་དེའི་རྒྱལ་གཅེས་ལྷག་བསམ་ཅན་དང་མི་བུ་རང་ཚུགས་ཅན་དག་གིས། ཉིན་གྱི་རྔ་མ་མཚན་ལ་མཐུད་དེ་བཙན་རྒོལ་འཐབ་འཁྲུག་གིས་རང་ས་རང་བདག་དང་། རང་རྒྱལ་བརྟན་བསྲུང་ཆེད་རང་ནུས་ཡོད་རྒུ་བཏོན་རུང་། རྒྱལ་གཅེས་པ་དག་ལ་ཤི་གུད་ཁ་འཐོར་གྱི་གནས་སྟངས་ཡ་ང་བ་ཞིག་ལས། གྲུབ་འབྲས་གཟེངས་ཐོན་གང་ཡང་མེད་པར་མ་ཟད། ༡༩༥༨ཙམ་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གཙོས་པའི་བོད་ས་སྟོད་སྨད་ཀྱི་རྒྱལ་གཅེས་པ་དག་འཐོར་འདུས་རུག་གསུམ་གྱིས། ཤར་ཕྱོགས་བཙན་འཛུལ་དམག་ལ། རྒྱལ་ཁབ་སླར་གསོ་དང་སྤྱི་འབངས་འདུག་བདེ་ཆོས་རིག་གཅེས་འཛིན་སོགས་ཀྱི་ཆེད། གདོང་དང་གདོང་གཏུགས་ནས་འཐབ་འཛིང་གཡུལ་འཁྲུག་གི་ལས་སྦྱོར་སྔ་ཕྱིར་རིམ་པ་མང་པོ་བརྩམས་ཀྱང་། ཤེལ་ཕོར་རྡོ་ལ་བརྡབས་པ་ལྟར་ལས་ཕན་ནུས་མེད་པ་མ་ཟད། རྒྱལ་གཅེས་པ་མང་པོ་མཚོན་འོག་ཏུ་སྐུ་སྲོག་ཤོར་བ་དང་། རྒྱ་མའི་ལག་འོག་ནས་བཙོན་དུ་ཚུད་པ། མཐར་སོ་སོའི་ཚེ་སྲོག་རྟ་རྔ་ཙམ་གྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་དག་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པར་གཏའ་མར་བཞག་སྟེ། བྲོས་བྱོལ་དུ་མགོ་བོ་ལག་པས་གཡོར་ནས་ཕེབས་པའི་མི་འབུམ་གཅིག་ཙམ་གྱི་མཉམ་དུ་རྒྱལ་གཅེས་པ་ཉུང་ཤས་ལས་ཐར་མ་ཐུབ་པས། རྒྱལ་གཅེས་པ་ལ་ཐེབས་པའི་གྱོང་གུད་དང་ཕམ་ཉེས་ནི་སྨྲ་བསམ་བརྗོད་བྲལ་ལྟ་བུ་རེད། ཡུལ་གྱར་བའི་སྲོག་སྐྱོབ་ལྟ་བུའི་རྒྱལ་གཅེས་པ་ཉུང་ཤས་དེ་ཕུད་ཤུལ། བྲོས་བྱོལ་དུ་ཡོང་བའི་མི་འབུམ་གཅིག་ཙམ་གྱི་ཁྲོད་དུ་རྒྱལ་གཅེས་པ་ཟེར་བའི་མིང་ཡང་མི་གྲག་ལ་བཙལ་ཡང་མི་རྙེད། དེ་ནས་ད་བར་རྒྱལ་གཅེས་པ་དག་མཚོན་གྱིས་བཀྲོངས་པ་བཙོན་དུ་ཚུད་པ་མེར་བསྲེགས་གནང་བ་སོགས་ཀྱིས་མཚོན་བོད་ཀྱི་རྒྱལ་གཅེས་པའི་གནས་སྟངས་ནི། གྲོ་མ་རྡོ་ཟད་ཀྱི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པ་རེད། ཁོང་རྣམ་པས་བློས་གཏོང་དང་ཆོད་སེམས་སོགས་ལ་རིན་ཐང་གཞལ་དུ་མེད་ལ། བླུན་ལས་དང་འཚེ་བ་ཡིན་མིན་སོགས་ཀྱི་ཉོག་གཏམ་ནི་བཤད་འོས་བཤད་བབ་མི་འདུག་པས་མི་བཤད་པར་བྱ། ཁོང་རྣམ་པས་གནང་བཞག་པའི་ཕྱག་ལས་འདི་རིགས་ནི། ལོ་རྒྱུས་ཀྱི་བདེན་དཔང་དང་། སྙིང་སྟོབས་ཀྱི་རྩེ་མོར། མི་རིགས་ཀྱི་གཟི་བརྗིད་སོགས། ཁྱད་ཆོས་མང་པོ་ཞིག་གིས་བོད་མི་མདུན་སྐྱོད་དང་ཆིག་སྒྲིལ་སོགས་ལ་སྲོག་དབུགས་གསར་པ་ཞིག་བསྩལ་ཡོད་པ་འདི་ནི་ལས་འགུལ་འདིའི་སྒྲུབ་ཕྱོགས་ཀྱི་གྲུབ་འབྲས་བླ་ན་མེད་པ་དེ་རེད། དེ་ལས་གཞན་དགག་ཕྱོགས་ཀྱི་གྲུབ་འབྲས་ནི་འདི་རེད་ཟེར་བ་ཞིག་ཕལ་ཆེར་ཁག་པོ་རེད། འུ་ཚོའི་འདི་ནས་གྲུབ་འབྲས་སུ་རློམ་པའི་གྲོས་ཆོད་ཁག་ཅིག་དང་། ཧུ་ལ་བཏང་བའི་གཏོང་ཡིག་བཅས་འདི་ཚོས་འུ་ཚོའི་མངོན་འདོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ལ་ནི། རྣམ་པ་ཙམ་ལས་དོན་ལ་ཕན་འབྲས་ཡོང་རྒྱུར་ཧ་ཅང་དཀའ། རྒྱུ་མཚན་འདི་རིགས་ལག་ལེན་འུ་ཚོས་ཁ་གཏད་ཕྱོགས་ནས་བསྟར་དགོས་པ་དང་། འུ་ཚོའི་ཁ་གཏད་ནི་ད་སྐབས་དཔལ་འབྱོར་དང་སྟོབས་ཤུགས་སོགས་གང་ས་ཅི་ནས་ཡར་དར་གྱི་རྩེ་མོར་ཕྱིན་པའི་དབང་ཐང་ཅན་གྱི་རྒྱལ་ཁབ་གཅིག་ཡིན་དུས། དེ་རྣམས་ལ་ཡ་མ་བྱས་ཀྱང་ཁོང་ཚོར་གྱོང་གང་ཡང་ཡོད་མ་རེད། རང་ཕྱོགས་ལ་གྱོང་གང་ཡང་མེད་པར་མིའི་སྐད་ཆ་ལ་ཉན་འཇོག་བྱེད་པའི་ལུགས་སྲོལ་ནི་རྒྱ་ནག་ལ་མེད་པས། འདི་ཚོ་ལ་གྲུབ་འབྲས་གང་ཡང་མེད་པ་རེད་ཟེར་ནའང་ཆོག་པའི་ཚད་དུ་ཡོད། རྟག་བརྟན་ཐེར་ཟུག་ཏུ་གནས་པའི་བརྟན་གཡོའི་དངོས་པོ་ཞིག་མེད་པར་ཡོད་ཚད་འགྱུར་ནས་འགྲོ་བ་ལྟར། འུ་ཚོའི་ཁ་གཏད་འདི་ཡི་དབང་ཐང་རླུང་རྟ་སོགས་ལའང་འགྱུར་བ་འགྲོ་ངེས་ཡིན། འོན་ཀྱང་འགྱུར་བ་སྟེ། རྒྱ་འདི་པ་ཚང་གི་ཁ་ལས་རླུང་རྟ་རྒུད་པའི་དུས་ཤིག་མ་འབྱུང་བར་དུ་ཞི་བའི་ངོ་རྒོལ་གྱིས་གནས་ཚུལ་ཐག་ཆོད་མི་ཡོང་བ་ས་རིས་ཐང་གསལ་གྱི་དཔེ་ལྟར་རེད། དེའི་ཕྱིར་རྒྱལ་གཅེས་དཔའ་བོ་དག་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་ཕེབས་པ་ནི་མི་རིགས་འདིའི་གྱོང་གུད་ལས་ཅི་ཡང་མ་རེད། འདི་པ་ཚང་གི་ཁ་ལས་རླུང་རྟ་རྒུད་པའི་སྔ་ལྟས་གང་སར་འབངས་གྱེན་ལོག་གི་ངོ་རྒོལ་ཡོད་པ་དང་། སྐོག་ཟ་རུལ་སུངས། ཤོག་ཁག་འགལ་ཟླ། གཞུང་དམངས་བར་གྱི་འགལ་ཟླ་སོགས་གསལ་བ་དང་མི་གསལ་བའི་སྔ་ལྟས་མང་པོ་ཡོད་པས་ཧུ་ནས་གསར་འགོད་པར་རྒྱ་ནག་ཆབ་སྲིད་ལ་འགྱུར་བ་མ་གཏང་བར་འདི་མུར་བསྐྱང་ཐབས་མེད་ཚུལ་བཤད་པ་ལོས་ཡིན། ཡིན་ཡང་དེ་ལྟའི་འགྱུར་བ་ཕྱིན་བར་དུ་ལོ་བཅུ་ནས་ལྔ་བཅུ་བར་འགོར་སྲིད་པ་རེད། དེའི་བར་དུ་བོད་ནས་རྒྱལ་གཅེས་པ་དང་ཤེས་ཡོན་པ་ཚོས་མི་རིགས་ཀྱི་སྣེ་ཁྲིད་གནང་བ་ལྟར། སློབ་སྦྱོང་དང་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་སོགས་ལ་ཧུར་ཐག་གནང་དགོས་ཀྱི་འདུག དཔེར་ན་ས་ཕྱོགས་གང་སར་སློབ་གྲྭ་འཛུགས་བསྐྲུན་དང་། སློབ་གྲྭའི་ནང་དུ་སྲོལ་རྒྱུན་དང་དེང་རབས་རིག་གནས་སྣ་མང་སྦྱོང་རྒྱུ་ཡོད་པ། དགོན་སྡེའི་སློབ་གསོ་ལེགས་བཅོས། རང་ས་རང་བདག་སྟེ། རྒྱ་དང་རྒྱ་ཁ་ཆེ་སུ་ལ་ཡང་བོད་ཀྱི་ས་ནས་ས་ཆ་ཕྱིར་འཚོང་སྤྱི་སྒེར་སུས་ཀྱང་མི་བྱེད་པར་མི་རིགས་ཀྱི་ངོ་བོ་དང་། མི་རིགས་ཀྱི་རིག་གཞུང་། ས་ཁོངས་བཅས་པར་བདག་གཅེས་ཡང་དག་པར་ཨེ་ཐུབ་བལྟས་ཐོག་དེང་དུས་ཀྱི་ཤེས་ཡོན་དག་ནང་འདྲེན་བྱས་ཏེ་བསྡད་པ་ཡིན་ན། ནམ་ཞིག་འདི་ཚང་།     ཡང་ན་དམངས་གཙོ་ཡང་དག་པའི་ལམ་དུ་བསྐྱོད་རྒྱུ་དང་། ཡང་ན་ཁ་འཐོར་རང་བཞིན་གྱི་ལམ་ཁ་གཉིས་ལས་འགྲོ་ས་གསུམ་པ་མེད་ངེས་པ་རེད། དེ་དུས་འུ་ཚོ་ལ་ཤེས་ཡོན་དང་ཆིག་སྒྲིལ་ཡོད་ན་གང་བྱས་ཀྱང་ལས་སླ་བོ་ཆགས་ངེས་རེད། དེ་མིན་ཆབ་སྲིད་ཀྱི་རང་དབང་ཐོབ་ཀྱང་ཤེས་ཡོན་དང་ཆིག་སྒྲིལ་མེད་ན་སྔར་བཞིན་མིས་གང་བྱས་ལས་ཡང་དག་པའི་རང་དབང་ཞིག་ཡོང་མི་སྲིད། དེས་ན་གནས་སྟངས་འདི་ཚོར་གཞིག་ནས་མེར་བསྲེགས་ལས་འགུལ་རེ་ཞིག་མཚམས་བཞགས་ནས། གྱོང་མེད་ལ་ཆོད་ཆེ་བའི་ལས་འགུལ་འདི་རིགས་གཞིས་བྱས་མཉམ་རུབ་ཀྱིས་ནུས་པ་མཉམ་སྤུང་བྱེད་དགོས་མཐོང་། གཞན་འདི་ནས་མེར་བསྲེགས་ལས་འགུལ་མཚམས་འཇོག་མི་ཉན་ཚུལ་དང་། ད་དུང་མི་༢༠༠༠ཙམ་ཞིག་སྦར་ན་རེ་བ་ཡོད་ཚུལ་སོགས་ནི། བོད་ཀྱི་རྩ་དོན་ལ་དགོངས་ནས་གསུང་པ་ཡིན་དུས་གུས་བཀུར་ཡིད་རང་ཞུ་འོས་སུ་མཆིས། འོན་ཀྱང་དེ་ལྟར་གནང་ཡང་ང་ཚོ་ལ་དགོས་པའི་རྩ་དོན་ཐོག་ལ་གདེང་ཚོད་ངེས་ཅན་ཞིག་སུ་ལའང་མེད་བཞིན་རྒྱལ་གཅེས་པ༢༠༠༠ཙམ་གྱི་གཅེས་སྲོག་ཚོད་ལྟ་ཙམ་གྱི་ཆེད་དུ་བཏང་བ་ལ་སུས་བཟོད། དེ་སྔའི་མེར་བསྲེགས་ལས་འགུལ་གྱི་གྲུབ་འབྲས་མ་ཐོན་པ་དེ། མེར་བསྲེགས་གཏོང་མཁན་ཉུང་དྲགས་པས་མ་ཡིན་པར། འུ་ཚོའི་རྒྱབ་ནས་སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་འུ་ཚོར་དགོས་པའི་རྩ་དོན་ཐོག་ལ་རོགས་སྐྱོར་གནད་སྨིན་བྱེད་ཐུབ་ཀྱི་མེད་པ་དང་། རྒྱ་ནག་གི་མཁྲེགས་འཛིན་སྲིད་ཇུས་ལ་ཡང་དག་པའི་ཡ་ལན་དང་ངོ་རྒོལ་སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱི་གནང་བདེ་མེད་པ་དང་། གནང་འདུན་མེད་པ། མི་རིགས་རང་ཉིད་གཅིག་པུའི་ནུས་པས་མ་ལྡང་བ་བཅས་ལ་བརྟེན་ནས་བྱུང་བ་ལས། མེ་བསྲེགས་ཀྱི་གྲངས་ཀའི་མ་ལྡང་བ་གཏན་ནས་མ་རེད། དེས་ན་ད་ནི་རང་ཉིད་ཀྱི་རང་ཉིད་བསྐྱབ་དགོས་པ་ལས། གཞན་སུས་ཀྱང་རང་ཉིད་མི་སྐྱོབས་པ་དང་བསྐྱབ་མི་ཐུབ་པའི་གནད་དོན་ཤེས་པ་དང་། རང་ཉིད་ཀྱིས་རང་ཉིད་བསྐྱབ་ཐབས་ཀྱང་མེར་བསྲེགས་ལས་འགུལ་འདིའི་མི་ལྡང་བ་ཤེས་ཐོག་གོང་ཞུས་ཀྱི་ལས་གཞིའི་ཐོག་ལ་གཞིས་བྱས་གཞུང་དམངས་ཚང་མས་ནུས་པ་འདོན་པའི་དུས་ལ་བབ་འདུག་སྙམ།