དྲྭ་འབུ་ཐ་ཤལ་བ་དང་དེའི་རྗེས་འབྲང་བ་རྣམས་དུག་ཤེད་ཀྱིས་བཟི་སྟངས་གླེང་བ།
ཤེས་ཡོན་ཕྲན་བུ་ལས་མེད་ཀྱང་། ཤེས་ཡོན་དེ་མི་རིགས་ལ་གནོད་པའི་ལོག་ལམ་དུ་བེད་སྤྱོད་མི་གཏོང་རྒྱུ་འདི་དེ་རིང་ངས་ཆེས་ཐོག་མའི་རེ་བ་དང་སྙིང་ནོར་ཡིན་ཞེས་ཞུ་འདོད་བྱུང་སོང་།
དེང་སང་བོད་ཡིག་བཀོལ་སྤྱོད་ཆོག་པའི་དྲྭ་ངོས་དག་ན་ཡོངས་གྲགས་སུ་དྲྭ་འབུ་ཟེར་བ་ཞིག་ཡོད། དྲྭ་འབུ་དེ་དག་ནམ་རྒྱུན་གདོང་འབགས་གྱོན་ནས་ཡོང་བ་དང་། མིང་རྫུན་སྤྱོད་ནས་ཡོང་གི་ཡོད་ཅིང་། དོན་དུ་དེ་ནི། མི་ཡི་ལུས་ལ། ནང་སེམས་པ་དུག་གི་རང་བཞིན་ཅན་དུ་གྲུབ་ཡོད། དྲྭ་འབུ་ཟེར་བའི་དོན་ནི། གཉན་ནད་དུག་སྲིན་དུ་འབོད་པ་དང་། དེ་ལ་འགྲེལ་བཤད་རྒྱག་སྐབས་ནད་རིགས་ཁྱབ་གདལ་གྱི་རྐྱེན་བྱེད་པའི་ནད་འབུ་སྡུག་ཤོས་དང་གཉན་སྲིན་ཉེན་ཁ་ཅན་ཞིག་ལ་གོ་བ་ཡིན།
དེ་ལྟར་དེ་རིང་ངས་འདིར་དམིགས་བསལ་དྲྭ་གྲོགས་ཚོ་ལ་དྲྭ་འབུ་རྣམས་ངོ་སྤྲོད་ཐུང་ཐུང་ཞིག་ཞུ། ཡིན་ན་ཡང་། དྲྭ་འབུ་ཡིན་ན་མཐའ་གཅིག་ཏུ་ངོ་གདོང་སྦས་ཏེ་གབ་ནས་གཡོ་སྦྱོར་ལས་ལ་འབད་མཁན་གཅིག་པུ་ཡིན་པའི་ངེས་པ་མེད། དཔེར་ན། དེའི་རིགས་གཏོགས་ནི། བོད་འབངས་བར་ལ་དཀྲུག་གཞི་འཇོག་མཁན། དངུལ་ལོར་ལ་རྔམས་ནས་རང་མི་ལ་གཏོར་རྒོལ་བྱེད་མཁན། རང་རེ་གངས་ཅན་པ་རྣམས་ལ་བཀའ་དྲིན་ཆེ་བའི་འདས་མ་ད་གསུམ་གྱི་དམ་པའི་སྐྱེས་བུ། དཔོན་པོ་དང་མི་རིགས་ཀྱི་སྣེ་ཁྲིད་པ། མདོར་ན་ཐོག་མཐའ་བར་གསུམ་དུ་རང་མི་རིགས་ལ་ཤ་ཚ་སྙིང་ཉེ་བའི་བོད་མི་ལ་ལྷག་བསམ་དཀར་བའི་སྐྱེས་བུ་བློ་ལྡན་རྣམས་ལ་ཕྲག་དོན་དང་འགྲན་སེམས་རྒྱུན་མི་ཆད་པར་མངོན་ལྐོག་གཉིས་ཀའི་སྒོ་ནས་སྦྱོར་བ་མ་རུང་བ་ལ་འབད་ཕོད་པའི་བླུན་པོ་རིགས་ཚང་མ་ལ་གོ་དགོས་ལ། དེ་ལ་གོ་བ་ལེན་ཐུབ་ན་གཞན། གཤམ་གྱི་ཡིག་ཉོག་དེ་ཚོ་ཚང་མ་མ་བཀླག་ཀྱང་ཆོག་གོ་སྙམ་མོ།།
དྲྭ་འབུ་དེའི་རིགས་སྨྱུག་ཐོག་པ་ཞིག་ལ་མཚོན། ལག་པའི་བོད་ཡིག་བརྡ་སྤྲོད་འགྲོས་དང་བསྟུན་ནས་འབྲི་ཤེས་ཙམ་དང་། སེམས་ནང་དུ་ཕུག་རྒྱང་ཐུང་ཐུང་ཞིག་ལས་མེད་པ་དེ་དག་ལ་གོ དེ་དག་གིས་བོད་མིའི་སྐྱིད་སྡུག་ཉམས་མྱོང་གི་བརྒྱུད་རིམ་སྤུ་ཙམ་ཡང་མི་ཤེས། ཁ་ནས་གཏམ་དང་སྐད་ཆ་གང་དང་གང་བཤད་རུང་ཕྱོགས་དང་རིས་སུ་ཆད་ཅིང་། བསམ་བློ་སྨིན་མེད་ཀྱང་རང་མཐོང་ཆེ་ཞིང་ཁྲེལ་དང་ངོ་ཚ་མེད། ནང་ཁུལ་གཏོར་རྒོལ་ལ་དུས་རྟག་ཏུ་འབད་པ་བྱེད་མཁན་ཞིག་ཡིན། མདོར་བསྡུས་ན་དྲྭ་འབུ་ནི་ཁྲོན་བུའི་ནང་གི་རྦལ་བ་དང་གཅིག་པ་ཡིན་ཞེས་བཤད་ཆོག
འོ་ན་དྲྭ་འབུ་ང་ཚོ་དང་མཉམ་དུ་མེད་དམ། དྲྭ་འབུ་ཁྲོན་ཆུང་ནང་གི་རྦལ་བ་དང་ཆོས་མཚུངས་དོན་གང་ཡིན་ནམ་བསམ་ན། དེ་ནི་འདི་ལྟར། དྲྭ་འབུའི་སེམས་པ་ཐོག་མ་ཉིད་ནས་ཆེས་གཡང་ས་ཆེན་པོ་ཞིག་དང་། གྲོག་རོང་གི་མུན་དོང་དུ་ལྷུང་སྟེ། དྲྭ་འབུ་ང་ཚོ་དང་མཉམ་དུ་ཡོད་ཀྱང་དྲྭ་འབུས་གནས་ལུགས་མི་མཐོང་། དྲྭ་འབུ་རྣམས་ཀྱི་ཀླད་པ་རྡོ་ལོག་ལས་ཀྱང་མཁྲེགས་པོ་ཡོད། དྲྭ་འབུ་ལ་བློ་དང་རིག་པ་རྒྱུ་སའི་ལམ་ཁ་གཅིག་ལས་མེད། དེ་ནི་གྲོག་རོང་ས་དོང་ལྟ་བུའི་སྒེར་གཅོད་མུན་འཐོམ་གྱི་འདུ་ཤེས་དེ་དང་། རང་གི་ཁོར་ཡུག་དེ་ཆེན་པོ་ཡིན་སྣང་འཆར་བ་དེ་རེད། གང་ལྟར་དྲྭ་འབུ་དེས་རང་གི་ཁོར་ཡུག་ཆུང་ཆུང་དེ་ལ་དོན་འབྲས་སོན་པའི་དགེ་ཕན་བསྒྲུབ་ཤེས་ན་འགྲིག་ཡོད་ཀྱང་། དྲྭ་འབུའི་དམིགས་ཡུལ་དང་ཕུག་བསམ་ཚང་མ་སྟོང་པ་ཡིན་ཏེ། དྲྭ་འབུའི་ཉིན་མཚན་བར་མེད་དུ་བདེ་དོན་ལ་ཤི་འཐམ་རོ་འཐམ་བྱེད་ཁུལ་བྱེད་ཀྱང་། དྲྭ་འབུའི་བདེ་སྡུག་གི་འདུས་མདོ་ཚང་མ་ཚུར་བསྡུས་ན། ང་འགྲིག་གི་མི་འདུག་བསམ་པ་ལས་གཞན་གཞན་ཕན་སྤུ་ཙམ་ཡང་མེད།
དེས་ན། དྲྭ་འབུ་དེ་དག་གིས་གནས་ཚུལ་གཞན་དང་ཁོར་ཡུག་གཞན་པ་མ་མཐོང་བ་རེད་དམ། དེ་ནི་རྩ་བ་ནས་མ་རེད། ཡིན་ན་ཡང་། དྲྭ་འབུ་ལ་རྣམ་དཔྱོད་མེད་སོང་བ་དང་། དྲྭ་འབུས་སློབ་སྦྱོང་བྱེད་སྟངས་མ་ཤེས་པ་དང་། དྲྭ་འབུ་རྣམས་ཧམ་པ་ཚ་དྲགས་པ་དང་། ཀླད་པ་མཁྲེགས་དྲག་པ་དང་། ཤེས་རྒྱུད་རྨོངས་དྲག་པ། དྲྭ་འབུས་ལས་ཀ་གང་བྱས་ཐམས་ཅད་འཐེན་ཁྱེར་དང་ཕྱོགས་སུ་ལྷུང་ཡོད་པས། དྲྭ་འབུ་ལ་སྐྱོན་ཆེ་ཤོས་ཤེས་ཡོན་གྱི་རྒྱུད་རིམ་རྒྱ་ཆེན་པོ་དང་གཏིང་རིམ་འཐུག་པོ་མེད་སོང་བ་དེ་རེད། ད་དུང་དྲྭ་འབུ་ལ་བསམ་བློ་གོ་རྟོག་མཐོ་རུ་གཏོང་བྱེད་ཀྱི་སློབ་གསོ་བཟང་པོ་ཐེབས་མེད་པས། དྲྭ་འབུ་དེ་དག་མིའི་གྲས་ཀྱི་འབུ་སྲིན་ལྟ་བུ་ཆགས་པ་རེད།
འོན་ཀྱང་དྲྭ་འབུ་ལ་ཤེས་ཡོན་མེད་ན་ཆོག་མོད། དྲྭ་འབུ་ལ་མི་བཟང་པོ་ཞིག་གི་གཤིས་ཀ་ཡང་མེད། དྲྭ་འབུ་ནི། དཔེར་ན། ངན་འགྲོ་གསུམ་གྱི་ནང་ཚན་ཡི་དྭགས་རིག་རྣམས་དང་གཅིག་པ་ཡིན། དཔེར་ན། འཇིག་རྟེན་པ་ལ་ཆུ་ནི་ཆུ་ལྟར་སྣང་ཡང་། དྲྭ་འབུ་དང་ཡི་དྭག་གཉིས་ལ་ཆུ་ནི་སྣག་ཁྲག་ལྟར་སྣང་བཞིན་ཡོད་པས། ང་ཚོའི་སྣང་བ་དང་དྲྭ་འབུའི་སྣང་བ་གཉིས་རྦད་དེ་ཁ་ཁ་ཆགས་ཡོད། དེའི་དབང་གིས་མཁས་དབང་རྣམས་ཀྱིས་ཡང་དག་པ་མཐོང་བའི་གནས་ལུགས་ཚང་མ། དྲྭ་འབུའི་སེམས་ངོས་སུ་གནས་ལུགས་མེད་པ་མཐོང་ཞིང་། འཇིག་རྟེན་པ་ལ་ཆུ་སྣང་བ་དང་། ཡི་དྭགས་ལ་སྣག་ཁྲག་ཏུ་སྣང་བ་བཞིན་དུ་བསམ་བློ་ཁ་ཁ་རུ་ཆགས་སོང་བ་ཡིན།
དྲྭ་འབུ་ནི་ང་ཚོ་བོད་ལ་མཚོན་ན་ལྟས་ངན་དང་རང་སྡེ་ཕུང་ལ་གཞོན་བའི་བདུད་གསོན་པོ་དེ་ཡིན་ལ། རང་གཞན་གཉིས་ཀ་ཕུང་བའི་དེང་རབས་ཀྱི་འཛམ་གླིང་འཇིགས་སྐུལ་རང་ལུགས་པ་དང་གཅིག་པ་ཡིན། མཁས་དབང་རྣམས་ཀྱིས་འཇིག་རྟེན་ཡོངས་གྲགས་ཀྱི་མཐོང་བའི་ཆུ་ངོས་ཟིན་ཞིང་གནས་ལུགས་ཀྱི་ངོ་གདོང་མཐོང་སྟེ་བོད་འབངས་ས་ཡ་དྲུག་ལ་ཕན་ངེས་ཀྱི་ཕྱག་ལས་རླབས་པོ་ཆེ་གནང་བཞིན་ཡོད་ཀྱང་། དྲྭ་འབུས་དེ་དག་མ་དག་པ་མཐོང་བ་དང་། སྒེར་གཤིས་ཀྱི་ལྟ་བ་མཁྲེགས་པོའི་དུག་ཤེད་ཀྱིས་བཟི་ཞིང་། དོན་གྱི་གནས་ལུགས་ཡོད་ཚད་མ་དག་པ། ཡི་དྭགས་ཀྱིས་ཆུ་ལ་སྣག་ཏུ་འཁྲུལ་བ་བཞིན་འཁྲུལ་ཏེ། གནས་ལུགས་དང་དོན་དམ་པ་ལ་ཞེན་པ་ལོག་པ་དང་། སྒེར་དོན་ངན་ངོན་ཞིག་ལ་མགོ་བོ་འཐོམ་ནས་ལྟོགས་སྐོམ་གྱིས་མནར་བཞིན་ཤི་ལ་ཁད་དུ་ཡོད་ལ། ངར་འཛིན་གྱི་བློ་ཤུགས་ཆེ་བའི་སྒེར་དོན་ཆེད། དྲྭ་འབུ་རྣམས་ངུ་འབོད་ཀྱིས་ཡུལ་ལུང་ཁེངས་ནས་ཡོད།
དྲྭ་འབུའི་རྩོམ་ཡིག་འབྲི་བ་དང་། གཏམ་དང་སྐད་ཆ་མང་ཆེ་བ་ལྐོག་ལས་གཡོ་སྦྱོར་རྐྱང་རྐྱང་གི་འོག་ན་འགྲོ་དགོས་པས། དྲྭ་འབུས་བོད་ཀྱི་གནས་བབ་དང་འཛམ་གླིང་གི་གནས་སྟངས་བཅས་ཀྱི་ལེགས་ཉེས་ངོ་མ་དེ་ག་ལ་ཤེས། དྲྭ་འབུའི་ངོ་གདོང་ནི་འཇིག་རྟེན་ན་ཡ་ང་ཤོས་སུ་བརྩི་བའི་འདྲེ་དང་གདོན་ཇི་མ་ཇི་བཞིན་དང་། མཚན་མོ་རྒྱུ་བའི་འབྱུང་པོ་ཐན་བྱ་འུག་པ་དང་གཅིག་པ་ཡིན། སེམས་ཅན་མང་ཆེ་བ་ཡར་ལང་ནས་ཉིན་མོ་གསལ་ཐང་ཐང་གི་བྲོ་བ་མྱོང་བཞིན་ཡོད་ཀྱང་། དྲྭ་འབུ་ནི་རྐུན་མ་བཞིན་དུ་འཇབ་ནས་ཡོང་བ་དང་། ཇག་ཚོགས་བཞིན་དུ་གཏོར་རྒོལ་ལ་གོམ་འདྲེས་ཆེ་བའི། དྲྭ་འབུ་ནི་འཇིག་རྟེན་ཐོག་གི་མི་ཐ་ཤལ་དེ་ཡིན་པ་ངོ་ཤེས་དགོས་ལ། དྲྭ་འབུ་ནི་ཇག་པ་ཡིན། འཇིགས་སྐུལ་བ་ཡིན། རྐུན་མ་ཡིན། རུལ་སུངས་བ་ཡིན། ཁྲམ་པ་ཡིན། གཡེན་སྦྱོར་ལ་དགའ་བའི་ཕྲ་མ་ཅན་དེ་ཡང་ཡིན་ནོ།།
དེ་ལྟར་དྲྭ་འབུའི་ཁོངས་སུ་གཏོངས་པའི་བོད་མི་ཁ་ཅིག་གིས་བོད་ཡིག་ཏོག་ཙམ་འབྲི་ཤེས་པ་དེ་བེད་སྤྱད་དེ། མི་རིགས་ནང་ཁུལ་མི་བདེ་བ་བཟོ་བཞིན་པ་དང་། ནང་ཁུལ་འགྲིག་མི་འགྲིག་གནད་དོན་དེའི་ཐོག་ལ་སེམས་ཤུགས་ཡོད་ཚད་ཕུད་དེ། དེའི་ཆེད་དུ་ལོ་དང་ཟླ་བ་མང་པོ་དཀའ་ལས་རྒྱབ་ཕོད་པའི་སྒེར་གཤིས་ཀྱི་ལྟ་གྲུབ་ལྡན་པ་སུ་ཡིན་ན་ཡང་། སྤྱོད་པ་ལོག་ཟིན་པ་དག་རེད་ལ་དྲྭ་འབུ་དངོས་མ་དེ་ཡང་་རེད།
སྐྱུག་བྲོ་བའི་གནས་སྟངས་དེ་ཚོ་དམར་ལྗེན་དུ་བཏོན་ཏེ་དེ་རིང་ངས་སྐད་ཆ་བཤད་དཀའ་ཡང་། མདོར་བསྡུས་ན་བོད་མིའི་ཐོག་མཐའ་བར་གསུམ་གྱི་གནས་བབ་ངོ་ཤེས་པར་བྱས་ནས། ད་ལྟའི་གཉན་འཕྲང་ཅན་གྱི་གནས་བབ་དེ་དག་གིས་འོག་ནས་མིག་ཆུ་གཏོང་དགོས་པ་དང་། ཁྱེད་ལ་དེ་འདྲའི་སེམས་ཤུགས་དང་ནུས་པ་ཡོད་ན། བོད་སྤྱི་པའི་འགན་ཁུར་དེ་ཐ་ན་བོད་མི་རེ་རེ་ཡིན་ན་ཡང་། མི་ཡག་པོ་ཞིག་བཟོ་ཐབས་ལ་འབད་པ་བྱས་ན། དེ་ནི་ཁྱེད་ཀྱིས་མི་རིགས་ལ་བཞག་པའི་མཛད་རྗེས་དང་ཞབས་ཕྱི་རེད་མ་གཏོགས། མི་སྤྱོད་ལས་འདས་པའི་གཏོར་རྒོལ་དེ་དག་ནི་དངོས་གནས་གཉན་འཕྲང་སྒང་ལ། བསམ་བློ་རྒྱུ་ཆ་ཞན་པའི་སྨྱོ་རྟགས་བསྟན་པ་ཙམ་དུ་མཐོང་སོང་། ང་དངོས་གནས་དྲང་གནས་དྲྭ་འབུ་སྐོར་ཞིག་དང་། ནད་ཡམས་དེས་བཟི་བའི་མི་འཁྱམ་སྐོར་ཞིག་གིས་ཀླད་ལོག་གི་བྱ་སྤྱོད་དེ་དག་ལ། ཡང་ནས་ཡང་དུ་ཧང་སང་ཡོང་གི་འདུག སྐུ་མཁྱེན། དྲྭ་འབུ་དང་བཅས་པས་གཟབ་གཟབ་གནང་རྒྱུ་གལ་ཆེའོ། །
ངས་མཐའ་གཅིག་ཏུ་དྲྭ་འབུ་དང་དྲྭ་འབུའི་ནད་ཀྱིས་གོས་པ་རྣམས་ལ་ངན་སྨྲས་རྐྱང་རྐྱང་འདི་གལ་ཆེན་པོ་དང་རྩི་མཐོང་བྱས་པ་མིན་ཡང་། དྲྭ་འབུ་ལ་དུག་ཤེད་རྒྱས་སྟངས་སྐོར་དང་། དྲྭ་འབུའི་མང་ཚོགས་གཏོར་བཤིག་ལ་འབད་དེ་དུག་ནད་བཏང་སྟངས་སྐོར་ནས་ཅུང་ཟད་ཤེས་དགོས་པ་ཞིག་རེད་བསམ་ནས་བརྡ་ལན་ཙམ་བསྟན་པ་ཡིན་ལ། མ་གཞི་ང་དྲྭ་འབུ་དང་རྒྱབ་འགལ་དུ་སོང་རུང་ཅི་གང་མི་སྡུག་ཅེས་ཞུ་འདོད་བྱུང་བའོ།། །།
དཀོན་མཆོག་དར་རྒྱས་ནས་གཟའ་ཉི་མའི་ཉིན་བྲིས་སོ།།