ང་ཚོས་ནམ་ཡང་གཞིས་བཞུགས་བོད་མིར་ལས་འགུལ་མཚམས་འཇོག་དགོས་པའི་སྐད་ཆ་བཤད་མི་ཐུབ།

༄༅། །འདས་པའི་བྱུང་རབས་ལ་ཕྱི་ལྟས་དང་མ་འོང་པའི་བོད་ལ་དཔྱད་པ།

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།

ཕྱི་ལོ་༡༩༤༩་ནས་རྒྱ་དམག་གི་གོམ་པ་བོད་ཤར་ཕྱོགས་ནས་རིམ་པས་སྤོ་མགོ་བཙུག་པ་ནས་བཟུང་བོད་ནང་གི་གནས་ཚུལ་ཛ་དྲག་ཏུ་སོང་བ་ཚང་མའི་ཤེས་གསལ་རེད། དེ་ནས་བཟུང་གུང་ཁྲན་ཏང་གིས་བོད་ཐོག་ཏུ་འཛིན་པའི་དམིགས་ཡུལ་ངོ་མ་དེ་བོད་ཅིག་པ་དེ་རྩ་མེད་དང། བོད་ཅིག་པ་དེ་མིང་གི་ལྷག་མར་གཏང་འདོད་ཀྱི་ཕུག་བསམ་དེར་འགྱུར་བ་གང་ཡང་ཕྱིན་མེད་པར་ད་དུང་ཡང་དེ་རང་འཛིན་ཡོད་པ་དེ་ཕྱི་གསལ་ནང་གསལ་རེད།

༡༩༥༠་ནས་བཟུང་༡༩༥༩་མ་ཟིན་ཙམ་གྱི་དུས་ཚོད་ནང་དམར་པོའི་སྲིད་འཛིན་(མོའུ་རྩེ་ཏུང་)དང་(ཀྲོང་ཨན་ལེན་)སོགས་ཀྱིས་བོད་ཐོག་ཏུ་གཏད་པའི་བསླུད་བྲིད་དང་། མགོ་སྐོར། དཀྲུག་བཤིག། འཆམ་མཐུན་ལ་གཏོར་རྒུད་གཏང་བའི་སྲིད་ཇུས་སོགས་གང་མང་ཞིག་འཇམ་རྩུབ་གང་རུང་གི་ལམ་ནས་ལག་ལེན་དུ་བལྟར་ཡོད། ༡༩༥༨ནས་བོད་ཤར་ཕྱོགས་སུ་རྒྱ་ནག་གི་སྲིད་ཇུས་ལ་ངོལ་རྒོལ་བྱེད་པའི་ལས་འགུལ་སྤེལ་བ་ནས་བཟུང་དྲག་གནོན་བྱས་ཏེ་བོད་མིའི་ཚེ་སྲོག་གི་རྒྱུ་བ་ཕྲ་མོར་རྣོ་ངར་ཅན་གྱི་གོ་མཚོན་གྱི་རིགས་སྣ་ཚོགས་པ་བེད་སྤྱོད་ནས་བོད་མི་བསད་རྨས་བགྱིས་པའི་གྲངས་འབུམ་ཚོ་བཅུ་གཉིས་རག་བརྩིས་ཙམ་ལས་རྒྱ་བོད་གཉིས་ཀས་ཞིབ་ཕྲ་བགྲང་དཀའ་བའི་གནས་སུ་གྱར་ཡོད། ༡༩༦༡ནས་༡༩༦༦བར་དམིགས་གསལ་གྱི་གནས་ཚུལ་གང་བྱུང་མེད་ཀྱང་༡༩༥༠ཐམ་པ་ནས་བཟུང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་ཟེར་བ་བོད་སྟོད་དམན་བར་གསུམ་དུ་བོད་མའི་མངོན་འདོད་མེད་ཀྱང་བཙན་དབང་གི་ལམ་ནས་སྤེལ་ཡོད་པར་ཤེས་ཐུབ། ༡༩༦༦ནས་རིག་གནས་གསར་བརྗེ་ཟེར་བའི་བྱ་སྤྱོད་བོད་ས་ཡོངས་རྫོགས་སུ་ཁྱབ་སྤེལ་གཏང་ནས་བོད་ཀྱི་རིག་གནས་ཀྱི་ཚེ་སྲོག་ལ་གནོད་སྐྱོན་ཆེན་པོ་གཏང་བ་དང་། བོད་རང་གི་ཆོས་སྲིད་ལ་བྱས་རྗེས་ཆེ་བའི་མི་སྣ་མང་པོ་ཞིག་ཉེས་མེད་ངང་རྩོན་ཁང་དུ་བཅུག་པ་དང་། སྲོག་ཐོག་གཏང་བ། བླ་སྤྲུལ་ཁག་བཙན་དབང་གིས་སྐྱ་སར་ཕབ་པ་སོགས་མིའི་སྤྱོད་ལས་འདས་པའི་བྱ་སྤྱོད་བརྩམས་ཡོད། ༡༩༧༦ནས་༡༩༨༢བར་རྒྱ་ནག་དམར་ཕྱོགས་ཀྱི་སྲིད་ཇུས་དེའི་རྩ་བ་དེ་ཙམ་གཏན་པོར་བཟོ་མ་ཐུབ་རྐྱེན་གྱིས་ནང་ཁུལ་དུ་རྐུབ་བཅག་ལ་རྔམ་ནས་ནང་རྩོད་རིམ་པར་བྱུང་ཡོད། ༡༩༨༢ནས་བཟུང་རྒྱ་ནག་དུ་དཔལ་འབྱོར་དལ་སྤེལ་བྱུང་བས་རྐྱེན་གྱིས་མི་དམངས་ལ་དཔལ་འབྱོར་གྱི་ཐོག་ནས་མགོ་སྐོར་གང་ཐུབ་དང། བསླུ་བྲིད་གཏང་ག་ཐུབ་བྱས་ནས་༡༩༥༠ནང་གི་སྲིད་ཇུས་ཁག་རོ་ལང་རྒྱག་ཡོད་པའི་འཚོ་སྣང་སྟེར་ཡོད། དེས་ན་འདས་པའི་རྒྱ་ནག་གིས་བོད་ཐོག་བཟུང་པའི་སྲིད་ཇུས་ཁག་མདོར་བསྡུས་ནས་ཞུ་ན། དྲག་གནོད་དང། བཙན་དབང།  བསླུ་བྲིད། མགོ་སྐོར་སོགས་རྐྱང་རྐྱང་གི་ལམ་ནས་དུས་ཚོད་རྫོགས་གང་ཐུབ་བྱེད་ཡོད་པ་རེད། ད་ལྟའི་རྒྱ་ནག་གིས་བོད་ཐོག་བཤད་པའི་འཆམ་མཐུན་དང་། ཆོས་དད་རང་དབང།  སྨྲ་བརྗོད་རང་དབང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱ་ཁབ་ཟེར་བ་སོགས་ནི་དོན་དངོས་ཀྱི་གནས་ཚུལ་དང་ཐ་དད་པ་རྐྱང་རྐྱང་ལས་དོན་མཐུན་གྱི་ལས་དོན་ནམ་སྲིད་ཇུས་ཏི་འབྲུ་ཙམ་ཡང་ལག་ལེན་དུ་བལྟར་མེད་པས་རྐྱེན་གྱིས་ཁ་སང་དེ་རིང་བོད་ནང་ཁུལ་དུ་རང་ལུས་མཆོད་མེར་ཕུལ་མཁན་གྱི་གྲངས་ཚོད་བཅུ་ཕྲག་ལྔ་ལས་ལྷག་པར་བརྒལ་བཞིན་པ་དེར་བསམ་ན་ཤེས་ཐུབ། ལྷག་དོན་བོད་ནང་གི་ཛ་དྲག་གི་གནས་ཚུལ་འདི་དག་བྱུང་རྩ་ཏཱ་ལའི་རོལ་ཚོགས་དང། ཁ་བྲལ་རིང་ལུགས་ཀྱིས་བསྐུལ་མ་གཏང་རབས་སོགས་བཤད་བཞིན་པ་དང། དེ་ཡང་བཤད་དགོས་དོན་གཙོ་བོ་ད་ལྟའི་བོད་ནང་འབྱུང་བཞིན་པའི་གནས་ཚུལ་ཁག་ལ་ཁ་བྲལ་རིང་ལུགས་ཀྱིས་མཚམས་འཇོག་དགོས་པའི་ལམ་སྟོན་དང་བཀག་སྡོམ་གནང་མེད་པ་སོགས་ལས་ཤེས་ཐུབ་ཀྱི་རེད་ཅིག་རྒྱ་དམག་གིས་སྒྲགས་གཏམ་རིམ་པས་སྤེལ་བཞིན་མཆིས་མོད། ང་ཚོས་ནམ་ཡང་གཞིས་བཞུགས་བོད་མིར་ལས་འགུལ་མཚམས་འཇོག་དགོས་པའི་སྐད་ཆ་བཤད་དགོས་ཚེ་དང་པོ་རྒྱ་ནག་དམར་ཕྱོགས་གཞུང་གིས་བོད་ཐོག་འཛིན་པའི་འཁྲེག་འཛིན་གི་ལྟ་བ་དེ་མཚམས་འཇོག་དགོས་པ་དང་། གལ་སྲིད་དེ་ལྟར་མ་བྱུང་ཚེ་བོད་ཀྱི་བདག་པོ་བོད་མི་སྐྱེ་བོ་ཡོད་ཚད་ཡིན་པ་ལས་བཙན་བྱོལ་བོད་མི་དང་བཀའ་སྤྱི་སོགས་བྱེ་བྲག་པ་ཞིག་ནམ་ཡང་མིན་པས་སུ་གང་གི་ལམ་སྟོན་ཞུ་ཐབས་བྲལ་བ་ཞིག་ཏུ་ངོས་འཛིན་ཞུ་དགོས། འདས་པའི་རྒྱ་ནག་དང་ད་ལྟའི་རྒྱ་ནག་གི་བར་ལ་ཁྱེད་པ་ཆེན་པོར་འགྲོ་ཡོད་པ་ཚིག་ཐག་ཆོད་པོའི་ངང་ནས་བཤད་ཐུབ་པས། དུས་ཚོད་མི་འགྱངས་བར་མ་འོང་པའི་ལས་བྱ་གང་སྤེལ་ཚགས་ཚུད་པོ་དང་། གྲལ་སྒྲིག་པོ། བློ་བརྟན་འགྱུར་མེད། རྒྱབ་སྐྱོར་ཡོད་པའི་ཐོག་ནས་འགྲོ་ཐུབ་པ་ཡིན་ན་ཏང་གི་སྲིད་ཇུས་ཀྱི་ནུས་པ་ཏན་ཏན་ཉམས་ཆགས་སུ་ཕྱིན་ངེས་ཅན་རེད་ཅིག་ཚོད་བཤད་གཙང་མ་རེ་བྱེད་ཐུབ། དེ་ཡང་གཙོ་བོ་མི་རིགས་རང་ཉིད་དང་གཞན་སོ་སོར་ནས་ལས་དོན་མཐའ་དག་ལ་རྒྱབ་སྐྱོར་ཐོབ་ཡ་དེ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་འདྲ་ཞིག་ཡིན་ནའང་དགོས་གལ་ཆེན་པོ་ཞིག་ཏུ་མཐོང་བས་ཡུལ་གྱར་བའི་སྤུན་ཟླ་ཚོས་སོ་སོར་སྡོད་གནས་ཀྱི་རྒྱ་ཁབ་ཁག་གི་མི་རིགས་བར་མཐུན་སྒྲིལ་བྱེད་ཡ་དང། བོད་དོན་གྱི་ཆེད་དུ་སྐུ་སྲོག་ཤོར་བའི་རྒྱ་གཅེས་དཔའ་བོ་དང་དཔའ་མོ་རྣམས་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་ཆོད་སེམས་བརྟན་པོས་ངང་ནས་ཡོད་ཚད་བློས་གཏོང་དགོས་པའི་གནས་བབ་ལ་བསམ་ན་བོད་ནང་གི་བོད་མི་ཚོར་སྡུག་བསྔལ་ཅི་ཙམ་ཡོད་མེད་དང། རྒྱ་ནག་གིས་བཤད་བཞིན་པའི་བོད་ནང་གི་བདེ་སྐྱིད་སོགས་ག་འདྲ་ཡོད་མེད་དེ་གསལ་པོར་མཚོན་ཡོད་པ་སོགས་ཀྱིས་གཏམ་བཤད་རིམ་པར་བྱེད་དགོས་གལ་མཐོང།