༧གོང་ས་མཆོག་གི་བཀའ་དགོངས་མ་རྟོགས་སམ།

མི་ཕམ་ཚངས་ཐིག
ཕྱི་ལོ་༢༠༡༡ ལོར་བཙན་བྱོལ་བོད་གཞུང་ཟེར་བའི་ཐ་སྙད་དེ་འཇིག་རྟེན་འདི་ནས་ཆོས་ཀྱི་དབྱིངས་སུ་གཤེགས་པ་རེད། རྒྱལ་ཁབ་༣༠ ལྷག་ཏུ་ཡུལ་གྱལ་དུ་བསྡད་ཡོད་པའི་བོད་མི་སེམས་ཤུགས་དང་ལ་རྒྱས་ཕྱུག་པ་ཀུན་གྱིས་མི་ལོ་༦༠ མ་ཟིན་ཙམ་གྱི་རེ་སྨོན་དང་རྨི་ལམ་དེ་ཚེ་ལས་འདས་པའི་ཚོར་སྣང་བྱུང་བ་རེད།

བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་ཚེ་སྲོག་སོང་བ་ཀུན་གྱི་རྣམ་ཤེས་དག་གིས་ངུ་འབོད་བྱས་པའི་ཚོར་གདུང་ཞིག་རང་བཞིན་ངང་གིས་བྱུང་། ལྷག་བསམ་དང་ལ་རྒྱ་ཡིས་ཕྱུག་པའི་གངས་རིའི་ལྕམ་སྲིང་ཀུན་གྱི་ཁྲག་དང་མིག་ཆུ་ནི་དྲ་རྒྱ་ཁག་མ་གཏོགས་ཕྱི་ས་གཞན་ཞིག་གང་ན་ཡོད།

དེའི་སྐབས་ཀྱི་ཆབ་སྲིད་མི་སྣས་བབ་ཅོལ་དང་ནང་འགལ་གྱི་གསུང་བཤད་མང་དུ་གནང་སྟེ། ཉོག་རིང་བསྐྱར་ཟློས་ཟད་མེད་ཀྱི་ལབ་བརྡོལ་ལོ་ངོ་ཕྱེད་གཉིས་རིང་མ་རྫོགས་ཀྱང་དོན་འབབ་ས་ཞིག་མེད་པ་གཟུར་གནས་བློ་ལྡན་ཀུན་གྱིས་ཤེས་གསལ་རེད།

དུས་དང་ནུས་པ་ཆུད་ཟོས་ཀྱི་ཉོག་གཏམ་དེ་རེ་ཞིག་རྫོགས་ནས་ཉན་མཁན་རྣམས་ལོ་ངོ་ཕྱེད་ཙམ་ལ་ཁོ་ཆད་རྣ་འཇམ་དུ་བསྡད་པ་ལོས་ཡིན། ངོ་མཚར་དགོས་པ་ཞིག་ནི། ཉེ་ཆར་ལ་དྭགས་དང་ཨེ་ཊ་ལིའུ་སོགས་ནས་རང་ཅག་བོད་མིའི་༧སྐྱབས་མགོན་རྒྱལ་དབང་མཆོག་གིས་ཡང་བསྐྱར་དེའི་སྐོར་ལ་གླེང་སློང་ཤུགས་ཆེར་གནང་འདུག་པ་དེར་དགོས་པ་ཆེན་པོ་ཞིག་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད།

འོན་ཀྱང་བླུན་པོ་ཕྲན་ལ་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་གསུང་གི་ཟབ་གསང་གིས་ཀྱང་དེ་སྔོན་གྱི་དོན་གནད་དེ་དག་ད་དུང་གསལ་བོར་ཆགས་མ་སོང་། དེའི་ཕྱིར་ཕྲན་གྱིས་འདིར་གཟུར་གནས་བློ་ལྡན་བོད་མི་སུ་ཡིན་རྣམས་ལ་དྲི་བ་སྟབས་བདེ་ཞིག་འདྲི་ཆོག་པར་ཞུ།

རང་རེའི་བཙན་བྱོལ་བོད་མི་རྣམས་ཀྱིས་འཛིན་སྐྱོང་བྱེད་བཞིན་པའི་གཞུང་དེའི་མིང་ལ་དབྱིན་ཡིག་གིས་Government ཞེས་གཏན་ནས་འདོགས་མི་རུང་བར་གསུངས་པ་དང་། གལ་ཏེ་བཏགས་ན་དཀའ་ངལ་འཕྲད་རྒྱུ་ཡིན་པར་དམ་བཅའ་བ་བདེན་པའི་དབང་དུ་ཐོངས། ཡིན་ཡང་བོད་ཡིག་ཐོག་ཏུ་བཙན་བྱོལ་བོད་གཞུང་ཟེར་བ་དེ་བཞག་ན། དེ་ལ་སུ་ཞིག་གིས་དཀའ་ངལ་སྤྲོད་རྒྱུ་ཡིན་པ་ཕྲན་གྱིས་ནི་ཤིན་ཏུ་རྟོགས་དཀའ། གཞུང་ཟེར་བ་དེ་ང་ཚོའི་བོད་པ་རང་སྐད་དུ་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་ལ་གོ་བ་སྒྲུབ་མི་ཐུབ་པ་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད་ན། སྐད་ཡིག་གཞན་སྨྲ་མཁན་ཞིག་གིས་དེ་རྒྱལ་ཁབ་ཅིག་གི་གོ་དོན་དུ་སྒྲུབ་ནས་དཀའ་ངལ་སྤྲོད་ཐུབ་པ་ཞིག་ཡོད་ཚུལ་ཕྲན་གྱིས་ནི་མི་རྟོགས་གི གལ་ཏེ་སུ་ཞིག་གིས་མཁྱེན་ན་ཕྲན་དང་ཕྲན་འདྲ་བའི་བླུན་པོ་ཀུན་ལ་གསལ་བཤད་ ཅིག་གནང་རོགས་ཞུ།

ཕྱི་ལོ་༢༠༡༡ ལོའི་སྐུའི་འཁྲུངས་སྐར་ཉིན། ཨ་རིའི་རྒྱལ་ས་ཝ་ཤུན་ཀྲོན་དུ་། ༸གོང་ས་མཆོག་སྐུ་ཉིད་ཀྱིས།༼དེ་ག་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེད་པ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས་དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབས་བསྡད་ པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད།༽ ཅེས་གསུངས་གནང་འདུག་པ་དེ་ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་ནས་ཐད་ཀར་རྒྱང་བསྲིངས་བྱས་པ་ད་དུང་དྲ་ ལམ་ནས་གཟིགས་ན་༸གོང་ས་མཆོག་གིས་བོད་སྐད་དང་བོད་ཡིག་ཐོག་ཏུ་བོད་གཞུང་ཞེས་པ་འདོགས་རུང་བར་གསུངས་པ་ལས་གོ་བ་གཞན་ཞིག་མི་ལོན་གི མདོར་བསྡུས་ནས་དྲི་བ་དྲིས་ན། བོད་ཡིག་གི་ཐོག་ཏུ་བོད་གཞུང་ཞེས་བརྗོད་མི་རུང་བའི་རྒྱུ་མཚན་ཅི་རེད་དམ།

ཡང་སྤྱི་ལོ་༢༠༡༢ ལོ་ཕྱི་ཟླ་༦ ཚེས་༢༨ ལ་ཡང་བསྐྱར་ཨེའུ་ཁྲི་ལིར་བོད་མི་སེར་སྐྱ་མང་ཚོགས་ལ་བསྩལ་པའི་བཀའ་སློབ་ཏུ། ༼་“གྷ་ཝར་མན་ཌ་” (Government) བརྗོད་དུས་དེ་ནི་མིང་ཚིག་ཟུར་གསལ་ཞིག་རེད། ང་ཚོ་བོད་པའི་ཡི་གེའི་ནང་ལ་གཞུང་ཟེར་བ་འདི། དགོན་པ་གཞུང་རྐྱང་དང། བླ་བྲང་གཞུང་རྐྱང། གཟིམ་ཤག་གཞུང་རྐྱང་ཞེས་བརྗོད་ཀྱི་ཡོད། དཔེར་ན་གཙང་པོ་ལ་ཆ་བཞག་ན་གཙང་པོའི་གཞུང་ཟེར་གྱི་ཡོད། ང་ཚོའི་བོད་སྐད་ནང་གཞུང་ཟེར་བ་འདི་འཇུག་ཡུལ་རྒྱ་ཆེན་པོ་ཞིག་ཡོད། དབྱིན་ཇིའི་སྐད་ནང་ “གྷ་ཝར་མན་ཌ་” (Government) བརྗོད་པ་ཡིན་ན་རྡོག་རྡོག་གཅིག་ཆགས་ཡོད། ཤེས་སོང་ངམ། ༽ཞེས་སོགས་གསུངས་འདུག  བོད་གཞུང་ཟེར་བ་དེ་ཉིད་མཐའ་གཅིག་ཏུ་ Government ཟེར་བའི་རྒྱལ་ཁབ་ཅིག་ལ་གོ་བ་རེད་ཅེས་ནི་གསུང་མི་འདུག དེ་གསུང་མི་སྲིད་པ་ཞིག་མ་རེད་དམ། དེའི་ཕྱིར་བོད་སྐད་དུ་བོད་གཞུང་ཟེར་བ་དེ་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་ལ་གོ་མི་ དགོས་པས། བོད་སྐད་དང་བོད་ཡིག་རང་གི་ཐོག་ཏུ་བཙན་བྱོལ་བོད་གཞུང་ཞེས་བཏགས་ན་དོན་དངོས་ཀྱི་རིན་ཐང་ལྡན་ལ། མ་འོང་པའི་དམིགས་ཡུལ་ཆེ་བ། ཐ་ན་བརྗོད་བདེ་ཞིང་དོན་འདུས། དབྱིན་ཇི་ཐོག་ཏུ་བསྒྱུར་དུས་ Council of Tibet in Exile  ཞེས་བཏགས་ན་ཐད་གར་གྱི་དོན་ནི་བོད་མི་ཀུན་གྱི་སྐུ་ཚབ་ཞིག་བཙན་བྱོལ་དུ་ཡོད་པ་ལ་ཐད་གར་གོ་ཐུབ།  བཙན་བྱོལ་དུ་ཡོད་པའི་བོད་ཀྱི་གཞུང་དངོས་ཞིག་ལ་ཡང་འགྲེལ་དགོས་བྱུང་ན་གོ་ཆོག་ལ། ཡང་མཐའ་གཅིག་ཏུ་གོ་མི་དགོས་པར་གཞན་དུ་འགྲེལ་སླ་བ་ཞིག་ཡིན། དེ་ཕྱིར་མཐའ་གཉིས་སུ་མ་སློང་བའི་དགོས་གནད་ཤིན་དུ་ཆེ།

ད་ལྟའི་དབྱིན་ཇིའི་ཐོག་ཏུ་ཡོད་པའི་མིང་ Central Tibetan Administration ཟེར་བའི་མིང་དེ་ནི་དབྱིན་སྐད་མ་སྐད་པ་མང་པོ་ཞིག་གིས་ཁེ་མཚར་བོ་དང་། བོད་མིའི་སྐུ་ཚབ་མཚོན་གྱིས་དབུལ་བ་ཞིག་ཏུ་མཐོང་གི་འདུག་པས། བོད་ལ་བཀྲ་ཤིས་པའི་མ་འོངས་པ་དང་། དོན་འགྲུབ་པའི་མ་འོང་པའི་བོད་མི་རིགས་ཀྱི་བསྟན་སྲིད་ཅིག་དགོས་ན། རྒྱལ་སྤྱིའི་མིག་ལམ་དུ་ངོ་ཚ་མི་དགོས་པའི་མིང་ཞིག་གི་གཞིར་བཟུང་ནས་དོན་ལེགས་པའི་ཕྱོགས་ལ་གོམ་སྟབས་བསྒྱུར་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད།

གནས་སྐབས་སུ་མིང་ལ་མི་ཐུག་པ་འདྲ་ཡང་། མིང་དོན་ལྡན་ཞིག་ནི་མ་འོངས་པའི་ཆབ་སྲིད་དང་མི་རབས་གསར་པ་ཚོའི་སྲོག་སྙིང་དུ་འགྱུར་གྱི་ཡིན་པ་མཁྱེན་གལ་ཆེ།

དྲི་བ་གཞན་གཅིག་ནི། ༧གོང་ས་མཆོག་གིས། ༼ང་རང་ལོ་བཅུ་དྲུག་སྐབས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ཆབ་ སྲིད་ཀྱི་དབང་ཆ་རྩིས་ལེན་ཞུས་པ་ཡིན། ད་ཆ་ལོ་དྲུག་ཅུ་ཕྱིན་པའི་རྗེས་ལ་མང་གཙོའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་བློ་བཟང་སེངྒེ་ལགས་སྲིད་སྐྱོང་གསར་པ་ཆགས་ཡོད། མང་གཙོ་མཚན་ཉིད་ཚང་བའི་ཐོག་ནས་འོས་འདེམས་བྱས་ཏེ་ཐོན་པའི་འགོ་ཁྲིད་སྲིད་སྐྱོང་ལ་དབང་ཆ་རྩིས་འབུལ་ཞུ་བ་འདི་དངོས་གནས་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་ དོན་ཟེར་བའི་དོན་དག་གཅིག་འདི་ཆགས་ཡོད། ད་ཧ་ཅང་ཡག་པོ་བྱུང་ཞེས་བརྗོད་རྒྱུ་བྱུང། དེ་འདྲ་ཡིན་དུས་སྲིད་སྐྱོང་ཞེས་བརྗོད་ན་“པོ་ལི་ཀྲི་ཀལ་ལི་ཌར་” (Political Leader) དང་ང་ཚོས་སྲིད་སྐྱོང་ཞེས་བརྗོད་པ་གཉིས་ཏག་ཏག་འགྲོ་གི་འདུག (Prime Minister) བརྗོད་ན་ཚིག་འདི་ཧར་པོ་ཞིག་འདུག༽ ཅེས་པ་སོགས་ཀྱི་ནང་དོན་གཅིག་མཚུངས་སུ། ༧གོང་ས་མཆོག་གིས་ལོ་གཅིག་གི་སྔོན་ནས་གསུངས་ཡོད་མོད། ད་དུང་ང་ཚོས་བཀའ་བློན་ཁྲི་པ་ཞེས་འབོད་ཀྱི་ཡོད་པ་འདི་ནི། གོང་ན་ཆབ་སྲིད་ཀྱི་རྒྱལ་པོའམ་དཔོན་པོ་ཞིག་མེད་པས་བཀའ་བློན་འབོད་པའི་གཞི་རྩ་ཅུང་ཙམ་ཡང་མེད་བཞིན་དུ་བཀའ་བློན་འབོད་པ་འདི་སུ་ཞིག་གིས་འཆར་གཞི་དང་། གང་ཞིག་གི་དགོས་གནད་ཡིན་པ་ཕྲན་ལྟ་བུའི་བླུན་པོ་ཞིག་གིས་ནི་ཤིན་ཏུ་རྟོགས་དཀའ་བས། མཁྱེན་ལྡན་བྱམས་བརྩེ་ཅན་ཚོས་ཕྲན་དང་ཕྲན་ལྟ་བུ་རྣམས་ལ་གསལ་བཤད་རེ་གནང་ཐུབ་ན་བཀའ་དྲིན་ཤིན་ཏུ་ཆེ།

བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་ཁག་ཅིག་གི་བྱ་སྤྱོད་དང་དམིགས་ཡུལ་ དགོས་གནད་རྣམས་ལ་ཕྲན་ནི་མགོ་རྨོངས་ཤིང་དྲི་བ་སྟོང་ཕྲག་གིས་འདེད་པའི་གནོན་ཤུགས་འོག་ཏུ་ཡོད། འོན་ཀྱང་ང་ཚོར་དྲི་བ་འདྲི་ཡུལ་ཞིག་ཡོད་པ་ནི། སེམས་མེད་གློག་གི་དྲྭ་རྒྱའི་རླབས་ཕྲེང་ཞིག་ལས་མེད་པས་རེ་ཞིག་འདིར་འཇོག་གོ །།