སྤྲུལ་སྐུ་འདི་ཚོ་ཡོད་པ་ལས་མེད་ན་དགའ།

ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས། གསེར་འོད་འཕྲོ་བའི་ཞབས་རྗེས་ལས་བཏུས།

དེ་རིང་ཁ་སང་སྤྲུལ་སྐུ་མང་པོ་འདུག སྔོན་ཆད་བླ་མ་དང་དཔོན་པོ་དེ་ཚོའི་བུ་སྤྲུལ་སྐུ་རེད། དེང་དུས་འབྱོར་ལྡན་དང་གདོང་པ་དཀར་པོ་དེ་ཚོ་སྤྲུལ་སྐུ་རེད། ཤམ་བྷ་ལ་དང་། ཟངས་མདོག་དཔལ་རི་སོགས་ཞིང་ཁམས་དེ་ཚོའི་སྒོ་སྲུང་ཇེ་བཙན་དུ་སོང་ཡོད་ས་རེད། ཚང་མ་ཡར་མི་ཕེབས་པར་མར་ལ་ཡོང་གི་འདུག

ད་དུང་ཤི་གསོན་བྱེ་མའི་ལ་ཁ་ནས་ཚུལ་ཡོང་དུས་རྡོ་ཕ་བོང་ཞིག་ལ་གདོང་ཐུག་བརྒྱབ་སྟེ་གས་འཐོར་དུ་སོང་བ་འདྲ། ཚུལ་བསླེབས་དུས་མི་མང་པོ་ཞིག་ཏུ་ཆགས་འདུག ཡོན་ཏན་དེ་ཡང་ཡང་སྤྲུལ་མང་པོ་ཡོད་པ་དེ་ཚོར་བགོ་བཤའ་བརྒྱབ་པའམ། ཡང་ན་དམྱལ་བའི་སྒོ་སྲུང་རྣམས་ཀྱིས་འཕྲོགས་བཅོམ་བྱས་སོང་བ་འདྲ། གང་ལྟར་སྐུ་སྔོན་མ་ལས་བརྒྱ་འགྱུར་གྱི་སྡུག་ཏུ་ཕྱིན་འདུག མང་ཆེ་བས་ཆོས་གོས་དང་ཕྲེང་བ་སོགས་ངོ་ཤེས་ཀྱི་འདུག་ཟེར་ནའང་ཐུགས་རྒྱུད་ཀྱི་ཡོན་ཏན་ནི་བརྗེད་ཚར་འདུག་པས་ཐ་ན་ཀ་ཁ་ཡང་སློབ་ཁག་པོ་རེད། ཡང་ཅུང་ཙམ་ནར་སོན་པའི་ཚེ་ཐོས་བསམ་སློབ་གཉེར་ལ་མི་བརྩོན་པར་དགོན་པའི་བསྟན་བདག་དང་། ཁྲི་ཐོག་པའི་མིང་གནས་དབང་ཆ་དང་གོ་གནས་འཛིན་གྱི་འདུག མིང་ཁུར་ནས་བསྟན་པ་ལ་སྲི་ཞུ་བསྒྲུབ་ན་འགྲིག་གི་འདུག་གི་རེད་དེ། འགའ་ཤས་ནི་བསྟན་བཤིག་གི་གཙོ་འཛིན་ལྟ་བུ་ཆགས་འདུག དེ་སྐྱོ་གནས་རེད། ཇི་སྐད་དུ། སྐུ་སྐྱེས་བསྟན་དོན་ལ་བྱོན་ན།། བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས།། ཞེས་གསུངས་པ་བཞིན་སེམས་ཅན་གྱི་དོན་དུ་སྤྲུལ་ཡོང་ཡིན་ཟེར་མཁན་དེ་ཚོ་བསྟན་འགྲོ་ལ་ཕན་ཐོགས་མཁན་དམིགས་བསལ་འདྲ་བོ་ཞིག་དགོས་པ་རེད། འོན་ཀྱང་དེང་དུས་སྤྲུལ་སྐུ་ཟེར་བ་དེ་ཚོ་མང་ཆེ་བ་ཞིག་བླ་བྲང་ཆེ་གེ་མོའི་ཤུལ་འཛིན་དང་། བླ་མ་ག་གེ་མོའི་མཚན་གནས་བདེ་སྤྱོད་བྱེད་མཁན། ཡང་ན་དཔལ་འབྱོར་འདུ་འགོད་ཀྱི་ལག་ཆ་ལྟ་བུར་གྱུར་འདུག་པས་ཧ་ཅང་གི་སྐྱོ་པོ་རེད། བདག་ཅག་གི་སྟོན་པས། ངའི་བསྟན་པ་འདི་ཕྱི་རོལ་གྱི་ལྷ་དང་བཅས་པ་བདུད་དང་བཅས་པ་སུ་གང་གིས་ཀྱང་གཞིག་མི་ནུས་མོད། ངའི་རྗེས་འཇུག་གི་གཟུགས་བརྙན་འཆང་བ་འགའ་ཞིག་གིས་བསྟན་པ་བསྣུབ་པར་འགྱུར་ནུས་ཞེས་ལུང་བསྟན་གསལ་པོ་གསུངས་ཡོད་པས། བསྟན་པའི་བདག་པོ་དང་། སྤྲུལ་པའི་སྐུ། རིན་པོ་ཆེ་ཡིན་ཟེར་མཁན་དེ་ཚོ་གོང་གི་ལུང་བསྟན་གྱིས་ཟིན་པའི་མི་སྣ་གཙོ་བོ་ལྟ་བུ་ཆགས་སོང་ན་བློ་ཕམ་དང་ཐབས་སྡུག་རེད། ངས་ནམ་རྒྱུན་སྤྲུལ་སྐུ་དེ་ཚོ་ལ་དམའ་འབེབས་དང་། ཁ་གཏད་གཅོག་པ་ལྟ་བུའི་ཚིག་མང་ཞིག་ཞུ་དགོས་ཐུག་གི་འདུག་ཀྱང་། མ་དད་པ་དང་ཕྲག་དོག་ནི་བྱས་པ་མིན། བཤད་དོན་མེད། ང་ཡང་ཆུང་དུས་ཞིག་ནས་སྤྲུལ་སྐུ་ཞིག་ལ་ངོས་འཛིན་བྱས་པ་རེད། འོན་ཀྱང་བསྟན་པ་སྤྱི་དང་ཁྱད་པར་སྤྲུལ་སྐུ་དེ་ཚོ་ལ་ཕན་ཐོགས་ན་སྙམ་སྟེ་ཞུས་པ་ཡིན། སྤྲུལ་སྐུ་འགའ་རེས་ངས་ཅིག་བཤད་བསྡད་དུས་མི་དགའ་བ་གནང་གི་འདུག ཡིན་ནའང་ངས་བསམ་པ་དཀར་པོ་ཡིན་སྙམ་ནས་འཚེར་གྱི་མི་འདུག འགྲོ་ཐུབ་མཁན་ཚོ་ཕྱི་རྒྱལ་གྱི་ལུང་པ་དང་། འགྲོ་མི་ཐུབ་མཁན་རྒྱ་ནག་སོགས་ཡུལ་གྲུ་དུ་མ་ལ་ཤིག་བཞིན་ཉུལ་ཏེ་ཞབས་འདྲེན་མང་པོ་བྱེད་ཀྱི་འདུག དེ་ལས་ཆུང་དུས་ནས་མཚན་ལྡན་བླ་མ་རེ་བསྟེན། བཤད་སྒྲུབ་ཀྱི་བསྟན་པ་ཡོད་སའི་དགོན་སྡེ་གང་རུང་རེ་ལ་སོང་ནས་ཐོས་བསམ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད། སྤྲུལ་སྐུ་རྣམས་ཀྱིས་ཡག་པོ་བྱས་ན་མཚན་གནས་རྗེས་འབྲེལ་གྱིས་བསྟན་འགྲོ་ལ་ཕན་ཐོགསཀྱི་འདུག ཡག་པོ་མ་བྱས་ན་དེ་བཞིན་བསྟན་པ་ལ་གནོད་ཀྱི་འདུག་ཅེས་སོགས་ཡང་ཡང་གསུངས་ཡོད་པ་དང་། དེ་བཞིན་ངའི་མི་ཚེའི་ནང་སྤྲུལ་སྐུ་སུ་ཡང་ངོས་འཛིན་མ་མྱོང་ལ་བྱེད་ཀྱང་མི་ནུས་ལ་ཞེས་ཀྱང་གསུངས་ཡོད།།