༄༅།། འབྲོག་ཕྲུག་གི་ཐོལ་གླུ།
དུང་བའི་ལོ་ཟླ་རིང་མོ་དབུས་འགྱུར་ལ་འཐེན་བཞིན།།
སྐྱོ་ཤས་གློག་བརྙན་དམར་པོ་གངས་རི་ལ་བཅོལ་ཏེ།།
ས་སྲོད་རིབ་རིབ་ཅིག་གི་ལུང་གཤོང་གི་མདོ་ནས།།
ཡབ་མེས་དུར་ས་དྲན་པའི་སྐྱོ་སྣང་དེ་ཆེའང་།།
གྲོག་ཆུའི་བརྩེ་གླུ་ལེན་སའི་གཙང་བོ་ཡི་འགྲམ་ནས།།
འགྱུར་མེད་ཕ་བོང་སྟེང་གི་ལོ་རྒྱུས་ཀྱི་སྣང་བརྙན།།
དྲན་པའི་ངོ་ཁ་འདི་ན་ལྷག་པར་དུ་གསལ་སྐབས།།
བདག་སེམས་ཚོར་བའི་གདུང་བས་འབྲོག་ཕྲུག་ང་སྐྱོ་བ།།
ཁྲེལ་མེད་གཡོ་རྒྱུ་རྒན་པོའི་ཕུགས་མེད་ཀྱི་གོ་གནས།།
རང་གི་རང་གཡོག་བྱས་པའི་སྣང་ཚུལ་འདི་མཐོང་སྐབས།།
དྲན་པའི་ངོ་ཁ་ཁྲག་ཡིག་དམར་ནག་ཅིག་དོད་སོང་།།
སྐྱོ་སྣང་ཕུགས་བསམ་བརྡིབས་པའི་དུས་ངན་དེ་དྲན་སོང་།།
སྐྱིད་ཆུ་རིང་མོའི་སེམས་སྡུག་ད་དུང་ནི་ཆད་མེད།།
རི་བོ་སྒང་དྲུག་སྒང་གི་ཕ་ཁུ་ཡི་རླུང་རྟ།།
སྣང་མེད་ཇག་པའི་གཏོར་བའི་སྙིང་ནད་ཀྱི་གཞི་མ།།
ཞེ་ཁོག་དཀྱིལ་ན་སྒོམ་པའི་སྙིང་ནད་དེ་ལྕི་ཨང་།།
བཅུ་ཕྲག་རྒྱ་མཚོ་འཕྱུར་སའི་སྲོང་བཙན་གྱི་ཕུགས་ནོར།།
འཚེ་མེད་འོ་དྲི་མངར་མོའི་རང་ཁྱིམ་དེ་ཕྱུག་ས།།
དྲི་ཞིམ་སྣ་མང་འཐུལ་ས་མེ་ཏོག་གི་ཕོ་བྲང་།།
ང་ཡི་ཡབ་ཆེན་དམ་པའི་ཕ་ས་དེ་དྲན་སོང་།།
བསམ་མེད་དམར་ཤོག་འདི་ཚོའི་ཧམ་སེམས་ཀྱིས་གཡོ་ཟོལ།།
གངས་ལྷ་མེ་ཏོག་འཁྲུངས་སའི་ཞིང་ཁམས་དེ་བཅོམ་སྟེ།།
སྤུན་ཟླའི་དུང་སེམས་དཀར་པོ་ཐལ་དོང་ལ་བསྐྱལ་ཏེ།།
མུན་པ་ནག་པོ་སྟོང་གི་སྒོ་ཁར་ལ་བསྐྱལ་ཐལ།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་འབོད་པས་བཞུགས་སྒར་རྡ་ས་ནས་རང་ཤག་ཉི་འོད་འཕྲོས་སའི་རབ་གསལ་འགྲམ་ནས་སུག་བྲིས་སོ།། ༢༠༡༢ ༨ ༡༦
